དུས་དབང་གི་གསུང་ཆོས་ཉིན་གཅིག་འཕར་མ་གནང་རྒྱུ་རེད།

2016-12-26
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན། ༢༠༡༦།༡༢།༢༥
རྒྱ་གར་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན། ༢༠༡༦།༡༢།༢༥
མཐུན་འགྱུར་པར་རིས། སྟོང་སྐོར་ཐུབ་བསྟན།

༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་སོ་བཞི་བའི་སྔོན་འགྲོའི་གསུང་ཆོས་ཉིན་གཅིག་འཕར་མ་སྩལ་གནང་རྒྱུ་ཡིན་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་༣༤་སྩལ་གནང་རྒྱུའི་སྔོན་འགྲོའི་གསུང་ཆོས་ཉིན་གཅིག་འཕར་མ་སྩལ་གནང་རྒྱུ་ཡིན་པ་རེད།
དེ་ལྟར་དུས་འཁོར་བཀའ་དབང་གི་སྔོན་འགྲོ་ཆོ་ག་དང་། བཀའ་དབང་སྩལ་རྒྱུའི་མཛད་རིམ་དང་དུས་ཚོད་ནི། ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་དང་པོའི་ཚེས་༢་ནས་༤་བར་དཀྱིལ་འཁོར་ས་ཕྱོགས་སོགས་བཀའ་དབང་གི་སྟ་གོན་ཆོ་ག་མཛད་རྒྱུ་དང་། ཕྱི་ཚེས་༥་ནས་༨་བར་སྔོན་འགྲོའི་བཀའ་ཆོས་སྩལ་གནང་མཛད་རྒྱུ། དེ་རྗེས་ཕྱི་ཚེས་༩་ཉིན་དབང་གི་ཆོ་ག་དང་འབྲེལ་
བའི་གར་འཆམ་སྐྱོན་རྒྱུ། ཕྱི་ཚེས་༡༠་ཉིན་སློབ་མ་རྗེས་འཛིན། ཕྱི་ཚེས་༡༢་ནས་༡༣་བར་བཀའ་དབང་དངོས་གཞི། ཕྱི་ཚེས་༡༤་ཉིན་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ༧གོང་ས་མཆོག་ནས་དད་ལྡན་མང་ཚོགས་རྣམས་ལ་ཚེ་དབང་སྩལ་གནང་མཛད་རྒྱུའི་ཆོས་འབྲེལ་བསྐྱང་གནང་རྒྱུ་བཅས་བཀོད་ཡོད་པ་རེད་།
ད་སྐབས་རྡོ་རྗེ་གདན་དུ་དུས་དབང་གི་གྲ་སྒྲིག་མང་ཆེ་བ་འགྲུབ་ཟིན་པ་དང་། ཟླ་༡༢་པའི་ཚེས་༢༣་ཉིན། རྒྱ་གར་བྷི་ཧཱར་མངའ་སྡེའི་བློན་ཆེན་སྐུ་ཞབས་NITISH KUMAR་མཆོག་གིས་རིང་མིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སའི་ཆོས་རྭར་འཚམས་གཟིགས་གནང་ཡོད་པ་དང་། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་མཆོག་དང་། འཕྲོད་བསྟེན་བཀའ་བློན་མཆོག་གི་གཙོས་པའི་དུས་འཁོར་བཀའ་དབང་སྒྲིག་ཚོགས་ཆུང་གི་དྲུང་ཆེ་དང་ཚོགས་ཆུང་ཁག་གི་འགན་འཛིན་དང་ལས་བྱེད་རྣམས་ནས་ཕེབས་བསུ་ཞུས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།