བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཐེ་ལྦན་དུ་ཕེབས་འབྱོར།
2012.06.29
༄༅༎ཕྱི་དྲིལ་བཀའ་བློན་ཨི་ཤི་ཡའི་རྒྱལ་ཁབ་ཐེ་ལྦན་དང་། ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ནང་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་སྐོར་བསྐྱོད་གནང་བཞིན་ཡོད་པ་དང་། ཕྱི་ཚེས་༢༨ཉིན་ཕྱི་དྲིལ་བཀའ་བློན་ཐེ་ལྦན་ཁུལ་དུ་ཕེབས་འབྱོར་བྱུང་རྗེས་ ཕྱི་ཚེས་༢༩ཉིན་ཐེ་ལྦན་གྲོས་ཚོགས་སུ་ཕེབས་ཏེ་ གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གསུང་བཤད་གནང་ཡོད་ཅིང་། དེ་ནི་བཙན་བྱོལ་བོད་མིའི་བཀའ་བློན་ཞིག་གིས་ཐེ་ལྦན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་གསུང་བཤད་གནང་བ་ཐོག་མ་དེ་ཆགས་ཡོད་པ་དང་། སྐབས་དེར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སློབ་ཕྲུག་སོགས་ཀྱང་མཉམ་བཞུགས་གནང་ཡོད་ཐོག ཕུན་ཚུན་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་ཀྱང་གནང་ཡོདཔའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག སྐོར་བསྐྱོད་ཀྱི་དམིགས་ཡུལ་གཙོ་བོ་ནི་ས་གནས་སོ་སོའི་ནང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུ་རྒྱུ་དང་། འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཁག་དང་མཇལ་འཕྲད་གནང་སྟེ། བོད་དོན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས་ཡིན་འདུག