བཀའ་ཁྲི་དང་ཨ་རིའི་གྲོས་ཚོགས་འཐུས་མི་མཇལ་འཕྲད།

བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་མཇལ་འཕྲད་གནང་ཡོད་འདུག

2011.11.02

༄༅༎རེས་གཟའ་མིག་དམར་ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་ ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇོ་སེཕ་ལི་སྦར་མེན་དང་ཇོན་མེ་ཀེན། ཀྲོམ་ཡུ་ཌོལ་་ དང་ སྦ་ར་སོ་རྣམ་དང་མཇལ་འཕྲད་གནང་བའི་སྟབས་དང་བསྟུན་ནས་ད་ལྟའི་རྔ་པ་ཁུལ་གྱི་ཛ་དྲག་གནས་སྟངས་སྐོར་གཙོ་བོ་གླེང་སློང་གནང་ཡོད་པ་རེད་ མཇལ་མོལ་གྱི་ལྷན་ཚོགས་དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལི་སྦར་མེན་དང་སྐུ་ཞབས་མེ་ཀེན་རྣམ་གཉིས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་ དེའི་སྐབས་སྐུ་ཞབས་ཇོན་མེ་ཀེན་གྱིས་བཀའ་བློན་ཁྲི་པར་ ང་ཚོས་ཁྱེད་རྣམ་ལ་རོགས་རམ་གང་འདྲ་ཞུས་དགོས་པ་འདུག་ཅེས་དྲི་བ་བཏོན་རྗེས་ཁོང་རྣམས་ཕན་ཚུན་སྐར་མ་༤༠ཙམ་གྱི་རིང་ད་ལྟའི་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གནས་སྟངས་དང་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ལ་འཕོ་འགྱུར་སོགས་ཀྱི་གཙོས་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་གོ་བསྡུར་སྦྱངས་བཤད་ལྷུག་པོ་གནང་ཐུབ་ཡོད་པ་མ་ཟད་ གྲོས་ཚོགས་གོང་མའི་འཐུས་མི་རྣམ་གཉིས་ཀྱིས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཁྲི་རྣམ་གཉིས་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད་པ་གསལ་སྟོན་གནང་ཡོད་པའི་ཁར་ ད་རེས་ཀྱི་མཇལ་འཕྲད་སྐོར་དེ་སྐུ་ཞབས་མེ་ཀེན་གྱིས་དྲ་ལམ་བརྒྱུད་ཁྲུའུད་ ཁྲད་ཐོག་བཀོད་ཡོད་པ་རྣམས་མི་གྲངས་ས་ཡ་གཅིག་ལྷག་གིས་ལྟ་ཐུབ་པ་བྱུང་ཡོད་འདུག གཞན་ཡང་བཀའ་བློན་ཁྲི་པ་ཐེངས་འདིར་ཨ་རིའི་ཁུལ་དུ་ཉིན་གཉིས་པའི་ལས་དོན་གལ་ཆེ་བ་གཞན་ཞིག་ནི་ ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་སྲུང་ཉམས་ཞིབ་ཚོགས་ཆུང་གི་ཚོགས་མི་དང་མཇལ་འཕྲད་གནང་ཡོད་པ་དང་  དེའི་སྐབས་བཀའ་བློན་ཁྲི་པ་མཆོག་གིས་བོད་ཀྱི་གནད་དོན་དེ་དག་ལས་དོན་ཚོགས་ཆུང་གི་གཞུང་འབྲེལ་བཀའ་ཁྱབ་ནང་འཇུག་རྒྱུའི་ཐུགས་བསམ་བཞེས་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་ ལས་དོན་ཚོགས་ཆུང་གིས་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཆུ་དང་རང་བྱུང་ཐོན་སྐྱེད་ལ་བདག་གཅེས་ཀྱི་རོགས་རམ་གནང་རྒྱུའི་ལས་འཆར་གོ་སྒྲིག་ཞུས་ཡོད་པའི་སྐོར་གསལ་བཤད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་འོས་འདེམས་བརྒྱུད་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་གནང་སོང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་ནག་ནི་དམིགས་བསལ་དོ་སྣང་བྱེད་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎