རྒྱལ་དབང་ཀརྨ་པ་མཆོག་ལ་དོགས་པ་མེད་པར་གནས་སྟངས་གཙང་མ་ཆགས་ཡོད་ཟེར།

2018-09-10
གློག་འཕྲིན།
མཆན།
Share
པར་བཀོད།
ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ཨ་རིའི་རྒྱལ་སར། ༢༠༡༥།༤།༡༦
ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ཨ་རིའི་རྒྱལ་སར། ༢༠༡༥།༤།༡༦
Lhuboom/RFA

དཔལ་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ལ་རྒྱ་གར་གཞུང་གིས་དོགས་པ་མེད་པར་གནས་སྟངས་གཙང་མ་ཆགས་ཡོད་པ་རྒྱ་གར་གྱི་མཐོ་རིམ་མི་སྣ་ཞིག་གིས་གསུངས་འདུག
རྒྱ་གར་ནང་སྲིད་ལས་ཁུངས་ནང་བོད་མིའི་གནད་དོན་ལ་སློབ་བསྟོན་འགན་འཁུར་གནང་མཁན་དཔོན་རིགས་མཐོ་གྲས་སྐུ་ཞབས་(Amitabh Mathur) ཡིས། རྒྱ་གར་གཞུང་ལ་རྒྱལ་དབང་ཀརྨ་པ་རིན་པོ་མཆོག་གི་བོད་མིའི་རྩ་དོན་འཐབ་རྩོད་ལ། ཐུགས་འཁུར་དང་དམ་བཅའ་ཐད། བློ་དོགས་གང་ཡང་མེད་པ་དང་། མ་ཟད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཞེན་གཡོ་བ་མེད་པ་ཞིག་དང་། རྒྱ་གར་ལ་ཡང་ཤ་ཞེན་ཡོད་པ་ཐེ་ཚོམ་མེད་ཅིང་། གཞུང་གིས་ཁོང་ནི་བོད་བརྒྱུད་ནང་པའི་དབུ་ཁྲིད་གལ་ཆེ་ཞིག་ཡིན་པར་ངོས་འཛིན་ཞུ་ཡི་ཡོད་པའི་སྐོར་། རྒྱ་གར་གྱི་(The Indian Express) གིས་གནས་ཚུལ་སྤེལ་ཡོད་པ་རེད།
གོང་ཞུས་གསར་ཤོག་འདིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། སྐུ་ཞབས་(Amitabh Mathur) ནི་ད་རེས་ཉེ་དུས་ཨ་རིའི་ནང་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གྲོས་མོལ་གནང་མཁན་གྱི་གཞུང་གི་དཔོན་རིགས་དེ་ཡིན་པ་དང་། ཁོང་ནི་རྒྱ་གར་གཞུང་གིས་(Aviation Research Centre) ཞེས་པའི་འགན་འཛིན་ཟུར་པ་ཞིག་ཡིན་པ་རེད།
ཁོང་གིས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་ད་ལྟའི་འཆར་འབྲས་ལྗོངས་ནང་རུམ་སྟེགས་དགོན་པ་ཙམ་མ་གཏོགས། གཞན་གང་དུ་ཕེབས་ཀྱང་བཀག་སྡོམ་མེད་པ་དང་། རིན་པོ་ཆེ་མཆོག་གི་ཆིབས་བསྒྱུར་ཐད་གཞུང་ལ་སྙན་སེང་ལས་བཀའ་འཁྲོལ་ཞུ་དགོས་ཀྱི་མེད་པ་དང་། སྙན་སེང་ཞུ་དགོས་དོན་དེ་ནི། གཞུང་གིས་རིན་པོ་ཆེ་མཆོག་གི་སྐུའི་སྲུང་བྱ་གྲ་སྒྲིག་ཞུ་རྒྱུའི་ཆེད་དུ་ཡིན་པ་གསུངས་ཡོད་པ་རེད།
རྒྱ་གར་གཞུང་གིས་དཔོན་རིགས་ཁོང་གིས་གཞུང་ལ་དེ་སྔ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་ཐད་བློ་དོགས་ཡོད་པ་དངོས་ཡོད་ཡིན་ཡང་ད་ཆ་གནས་སྟངས་དེ་ཆ་ཚང་གཙང་མ་ཆགས་ཡོད་སྐོར་དང་། ༢༠༡༦་ལོར་ནང་སྲིད་ལས་ཁུངས་ནས་ལྡི་ལི་གྲོང་ཁྱེར་ལས་ཁུངས་ལ། (Dwarka)ས་ཁུལ་དུ། རིན་པོ་ཆེ་མཆོག་ལ་ཆོས་ཚོགས་འཛུགས་རྒྱུའི་ཆེད་ས་ཆ་ཨེ་ཀར་ལྔ་ཉོ་སྒྲུབ་གནང་རྒྱུའི་བཀའ་འཁྲོལ་གནང་དགོས་པའི་བཀོད་ཁྱབ་ཡང་བཏང་ཡོད་སྐོར་ཡང་གསུངས་འདུག
འདི་ག་རླུང་འཕྲིན་ཁང་གིས་ཀརྨ་པའི་བླ་བྲང་གི་དབྱིན་དྲུང་དང་ཁྲིམས་རྩོད་པ་ཀརྨ་རྣམ་རྒྱལ་ལགས་སུ་འདྲི་རྩད་བྱས་སྐབས། ཁོང་གིས་ད་ལྟ་གཞུང་འབྲེལ་ཐོག་གནས་ཚུལ་འབྱོར་མ་བྱུང་ཡང་། གསར་ཤོག་ཐོག་གཞུང་གི་གནས་ཡོད་དཔོན་རིགས་ཤིག་གིས་བཀའ་མོལ་དེ་གསུངས་པར་སོང་། གནས་ཚུལ་དེ་བཟང་པོ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས་བྱུང་།
ཀརྨ་པ་རིན་པོ་ཆེ་མཆོག་ད་ལྟ་ཨ་མི་རི་ཀའི་ནང་བཞུགས་ཡོད་པ་དང་། རིན་པོ་ཆེ་མཆོག་ནས་འདི་ག་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་། འདི་ལོ་ཕྱི་ཟླ་ ༡༡ པའི་ནང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་བླ་ཆེན་རྣམ་པའི་ལྷན་ཚོགས་ལ་ཕེབས་རྒྱུའི་དགོངས་བཞེས་ཡོད་པ་གསུངས་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

མཆན། (0)
Share
དྲ་གནས་ཆ་ཚང༌།