ཀརྨ་པ་མཆོག་འཛམ་གླིང་གི་ཆོས་ལུགས་རིས་མེད་ལྷན་ཚོགས་ཀྱི་སྐུ་མགྲོན་ལ་གདན་ཞུ།

2018-10-10
གློག་འཕྲིན།
མཆན།
Share
པར་བཀོད།
ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག ༢༠༡༨
ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག ༢༠༡༨
Karmapa/FB

ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ཁེ་ན་ཌའི་ནང་འཛམ་གླིང་གི་ཆོས་ལུགས་རིས་མེད་ལྷན་ཚོགས་ཀྱི་སྐུ་མགྲོན་ལ་གདན་ཞུ་ལྟར་ཆེད་ཕེབས་གནང་རྒྱུ་ཡིན་འདུག
ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་(Toronto)ནང་ཚོགས་རྒྱུའི་འཛམ་གླིང་གི་ཆོས་ལུགས་ཁག་གི་ལྷན་ཚོགས་ཐེངས་༧ པའི་ཐོག་དཔལ་རྒྱལ་དབང་ཀརྨ་པ་མཆོག་ཆེ་བསྟོད་ཀྱི་སྐུ་མགྲོན་དང་གསུང་བཤད་གནང་མཁན་གྱི་སྐུ་མགྲོན་དུ་གདན་ཞུ་ཕུལ་ཡོད་པ་འཛམ་གླིང་གི་ཆོས་ལུགས་རིས་མེད་ལྷན་ཚོགས་ཀྱིས་གསལ་བསྒྲགས་གནང་ཡོད་པ་རེད།
དེ་ཡང་འཛམ་གླིང་གི་ཆོས་ལུགས་ལྷན་ཚོགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང་།  ཕྱི་ཟླ་བཅུ་གཅིག་པའི་ཚེས་༡ ཉིན་ནས་ཚེས་༧ བར་ཚོགས་རྒྱུའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ཐོག་དཔལ་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་ཆེ་བསྟོད་ཞུས་པའི་གཙོ་བོའི་སྐུ་མགྲོན་དུ་གདན་ཞུའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་གསལ་ཡོད་ཅིང་།   ཡང་མགྲོན་འབོད་ཞུས་པའི་རྒྱུ་མཚན་དུ་ དགུང་གྲངས་༣༢ ལ་ཕེབས་པའི་རྒྱལ་བ་ཀརྨ་པ་མཆོག་གིས་ད་བར་དུ་ནང་ཆོས་བསླབ་སློབ་གཉེར་ཡར་རྒྱས་ཐོག་ལ་ཞབས་འདེབས་ཞུས་དང་ཞུ་བཞིན་པའི་ཁར་ལོ་ངོ་༢༠༠ རིང་ཀརྨ་བཀའ་རྒྱུད་ཀྱི་ཐོུང་མ་ཡིན་པའི་ནང་ཆོས་སློབ་གཉེར་བྱེད་ཡུལ་སློབ་གྲྭ་དང་དེའི་ནང་བེུད་འདྲ་མཉམ་ཀྱི་ལྟ་ཚུལ་དང་ཉམས་ལེན་གནང་སྟངས་དེ་ཡིས་༢༠༡༨ ལོའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ཐེངས་༧པའི་ནང་མཉམ་ཞུགས་གནང་མཁན་མ་འོངས་པའི་མི་རབས་གསར་པ་ཚོར་ཉམས་ལེན་བྱ་ཕྱོགས་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པའི་སྐོར་བཀོད་སྤེལ་བྱས་ཡོད་པ་རེད།
གཟའ་འཁོར་གཅིག་རིང་ཚོགས་རྒྱུའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་དེའི་ནང་རིག་གནས་པ་དང་མཁས་དབང་། སྒྱུ་རྩལ་པ་བཅས་ཀྱི་དཔྱད་རྩོམ་༥༠༠ ལྷག་སྒྲོག་སྦྱང་གནང་རྒྱུ་དང་ཡང་ཚོགས་ཞུགས་པ་རྣམས་ཕན་ཚུན་བགྲོ་གླེང་སོགས་གོ་སྒྲིག་གནང་ཡོད་པ་རེད།
ཡང་ཕྱི་ཟླ་༡༠ པའི་ཚེས་༢༧ དང་ཕྱི་ཚེས་༢༨ཉིན་གཉིས་ཀྱི་རིང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་(Toronto) ནང་ཡོད་པའི་ཀརྨ་བསོད་ནམས་དར་རྒྱས་གླིང་ཆོས་ཚོགས་ཀྱིས་རེ་སྐུལ་ཞུས་དོན་ལྟར་རྒྱལ་དབང་ཀརྨ་པ་མཆོག་གིས་མི་དམངས་ལ་སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་འགྲོ་དོན་མཁའ་ཁྱབ་མའི་བཀའ་དབང་གནང་རྒྱུ་རེད་འདུག རྒྱལ་བ་ཀརྨ་པ་སྐུ་འཁོར་ལྷན་རྒྱས་ཕྱི་ཟླ་ ༡༡ ནང་ རྒྱ་གར་དུ་ཕེབས་འཆར་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།