༧རྒྱལ་དབང་ཀརྨ་པ་མཆོག་གིས་བོད་མི་ཚོར་ཆིག་སྒྲིལ་སྲུང་སྐྱོབ་དགོས་པའི་ལམ་སྟོན་གནང་ཡོད་པ།
2018.06.16
༄༅། །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་སུ་ཆེ་བསྟོད་ཕྱག་རྟགས་ཤིག་གསོལ་སྩལ་དང་སྦྲགས། བོད་མི་ཚོར་ཆིག་སྒྲིལ་སྲུང་སྐྱོབ་དགོས་པའི་ལམ་སྟོན་གནང་འདུག
ཨ་རིའི་བྱང་ཤར་མངའ་སྡེ Connecticutའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ནིའུ་ལན་ཌན་ས་གནས་ཀྱི་ཚོགས་ཁང་ཆེན་པོ་ཞིག་ནང་། ཁ་སང་སྤྱི་ཚེས ༡༥ དགོང་འདྲོར། བོད་མི་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་བརྒྱ་ཕྲག་ཁ་ཤས་འཛོམས་སར་བླང་དོར་གྱི་བཀའ་སློབ་གནང་བའི་སྐབས་སུ། བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་དོ་སྣང་དགོས་པ། དེ་བཞིན་བོད་ཆོལ་ཁ་གསུམ་གྱི་མིང་ཐོག་ནས་ཕན་ཚུན་འཐེན་འཁྱེར་བྱེད་མི་རུང་བ་དང་། ཆིག་སྒྲིག་ལ་སྲུང་སྐྱོབ་དགོས་པའི་ལམ་སྟོན་གནང་འདུག།
དེ་བཞིན་དུ Connecticutའི་བོད་རིགས་སྤྱི་མཐུན་ཚོགས་པས་ཆེད་དུ་གདན་འདྲེན་ཞུས་པའི་དམིགས་བསལ་སྐུ་མགྲོན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་བློས་གཏོང་ཆེན་པོ་གནང་བར་རྗེས་སུ་ཡི་རང་དང་བསྟོད་བསྔགས་མཚོན་ཆེད་ཆེ་བསྟོད་གཟེངས་རྟགས་ཤིག་གྲ་སྒྲིག་གནང་ཡོད་པ་དེ་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་ཕྱག་ནས་དོན་གྲུབ་དབང་ཆེན་ལགས་སུ་གསོལ་སྩལ་གནང་འདུག དོན་གྲུབ་དབང་ཆེན་ལགས་ཀྱིས་དགའ་སྣང་ཆེན་པོས་བོད་ནང་གི་བཙོན་གྲོགས་ཚོའི་ཆེད་གཟེངས་རྟགས་དེ་བཞེས་པ་ཡིན་ཞེས་གསུངས་འདུག།
དེ་མིན་མཛད་སྒོའི་སྐབས་སུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་རང་གི་མི་རིགས་ཀྱི་སྐད་ཡིག་མི་ཉམས་རྒྱུད་འཛིན་བྱེད་དགོས་པ་དང་། ༧གོང་ས་རྒྱལ་དབང་རིན་པོ་ཆེ་མཆོག་གི་བཀའ་དྲིན་བསམ་ཤེས་དགོས་པ། དེ་བཞིན་དུ་དབུས་བོད་མིའི་སྒྲིག་འཛུགས་ལ་གུས་བཀུར་ཞུ་དགོས་པའི་རེ་འདུན་གནང་བཞག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།