བཙན་བྱོལ་དུ་ཡོང་པའི་ཐོག་མའི་དམིགས་ཡུལ་དེ་བརྗེད་རྒྱུ་མེད།

2016-05-23
གློག་འཕྲིན།
མཆན།
Share
པར་བཀོད།
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་སུད་སིར་ཆོས་འབྲེལ་གནང་བཞིན་པ། ༢༠༡༦།༥།༢༡
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་སུད་སིར་ཆོས་འབྲེལ་གནང་བཞིན་པ། ༢༠༡༦།༥།༢༡
LN

དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་སུད་སིར་དད་ལྡན་པ་ཚོར་སངས་རྒྱས་སྨན་ལྷའི་བཀའ་དབང་སྩལ་གནང་བ་དང་། སུད་སིའི་བོད་པ་ཚོར་བོད་ནས་རང་དབང་རྒྱལ་ཁབ་ནང་བཙན་བྱོལ་དུ་ཡོང་པའི་ཐོག་མའི་དམིགས་ཡུལ་དེ་བརྗེད་རྒྱུ་མེད་པའི་བཀའ་སློབ་ཀྱང་སྩལ་གནང་འདུག
དེ་ཡང་ཕྱི་ཟླ་༥་པའི་ཚེས་༢༢་ཉིན་སུད་སི་གྲོང་ཁྱེར་ཇི་ཎའི་ཝའི་ནང་གི་ཚོགས་ཁང་ཆེན་མོ་ཞིག་ནང་སྔ་འགྱུར་རིག་འཛིན་འདུས་སྡེའི་ཆོས་ཚོགས་ཀྱིས་གོ་སྒྲིག་གནང་པའི་སར་ནུབ་ཕྱོགས་པ་དང་། བོད་པ་སོགས་མི་གྲངས་༡༡༠༠་ལྷག་ཙམ་ཞིག་ལ་སྨན་ལྷའི་བཀའ་དབང་སྩལ་གནང་ཡོད་པ་དང་། སྨན་ལྷའི་བཀའ་དབང་མ་གནང་གོང་དེར་བོད་པ་༣༠༠་ཉེ་བ་ཞིག་ལ་ཀརྨ་པ་རིན་པོ་མཆོག་ནས་མཇལ་ཁ་དང་བླངས་དོར་གྱི་བཀའ་སློབ་ཀྱང་གནང་ཡོད་པ་རེད། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས། ཐོག་མར་ང་ཚོ་བོད་པ་ཚོ་བོད་ནས་ཕྱི་རྒྱལ་དུ་བཙན་བྱོལ་དུ་ཡོང་བའི་རྒྱུ་རྐྱེན་གང་ཡིན་པ་ཐོག་མའི་དམིགས་ཡུལ་དེ་མ་བརྗེད་པ་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་པ་བཀའ་སློབ་རྩལ་གནང་ཡོད་པ་རེད། ཀརྨ་པ་མཆོག་ནས་ང་ཚོ་རྒྱ་གར་གཙོས་པའི་ཕྱིའི་རང་དབང་རྒྱལ་ཁབ་ཏུ་འབྱོར་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཐོག་མའི་དམིགས་ཡུལ་དེ་དུས་ནམ་ཡང་བརྗེད་རྒྱུ་མེད་པའི་སྐུལ་མ་ཡང་བཏང་གནང་འདུག
རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་མཆོག་ཕྱི་ཟླ་༥་ཚེས་༡༨་ཉིན་གཙོ་བོ་རིག་འཛིན་ཐེག་མཆོག་གླིང་ནས་གསོལ་བ་བཏབ་བཞིན། སུད་སིར་ཞབས་སོར་འཁོད་ཡོད་པ་དང་། དེ་ནས་ཕྱི་ཟླ་༥་ཚེས་༣༠་བར་དུ་སུད་སིར་མཛད་འཆར་སྣ་མང་བསྐྱངས་མཐར་ཚེས༣༠་ཉིན་ཧྥ་རན་སིར་ཕེབས་རྒྱུ་ཡིན་འདུག
རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སུད་སིར་ཆིབས་བསྒྱུར་བསྐྱངས་པ་ད་རེས་ཐེངས་དང་པོ་དེ་ཡིན་འདུག།

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།