རྒྱ་ནག་གི་བྱེད་སྟངས་ལ་ཨ་རིས་ངོས་ལེན་དང་བརྩི་བཀུར་བྱ་རྒྱུ་མིན།


2015-08-06
Share
ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས། ༢༠༡༥།༨།༥ ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryམཆོག་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས། ༢༠༡༥།༨།༥
AFP

རྒྱ་ནག་གིས་མཚོ་ལམ་དང་མཁའ་ལམ་འགྲུལ་བསྐྱོད་ལ་འགོག་རྐྱེན་བཟོ་བཞིན་པ་དེར་ཨ་རི་གཞུང་གིས་ངོས་ལེན་དང་བརྩི་བཀུར་བྱ་རྒྱུ་མིན་ཟེར།
དེ་ཡང་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་ཡུལ་དེའི་བདག་དབང་ཡོད་ཚུལ་བཤད་དེ་ཁུལ་དེའི་མཚོ་ལམ་དང་། མཁའ་ལམ་འགྲུལ་བསྐྱོད་ལ་འགོག་རྐྱེན་བཟོ་བཞིན་པ་དེར་ཨ་རི་གཞུང་གིས་ངོས་ལེན་དང་བརྩི་བཀུར་བྱ་རྒྱུ་མིན་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ John Kerryཡིས་གསུངས་འདུག དེ་ནི་མཱ་ལེ་ཡེ་ཤེ་ཡའི་རྒྱལ་ས་ཀོ་ལ་ལམ་པུར་དུ་དེང་སྐབས་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་ཚོགས་ཆེན་བསྐྱང་བཞིན་པ་ལྟར། ལྷན་ཚོགས་དེའི་ཐོག་འདི་ཚེས་༦ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་John Kerryཡིས་གསུང་བཤད་གནང་བའི་ནང༌། རྒྱ་མཚོའི་མཁའ་ལམ་དང་མཚོ་ལམ་ཐོག་རང་དབང་གི་ཐོག་ནས་འགྲུལ་བསྐྱོད་བྱེད་ཆོག་པ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྨང་གཞི་ཞིག་ཆགས་ཀྱི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ཀྱང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཁའ་ལམ་དང་མཚོ་ལམ་གྱི་འགྲུལ་བསྐྱོད་ལ་འགོག་རྐྱེན་བཟོ་རྒྱུ་མིན་པའི་ཁས་ལེན་བྱས་ཀྱང༌། ཉེ་བའི་ཆར་རྒྱ་ནག་ཕྱོགས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོས་པའམ། ཡང་ན་རྒྱལ་ཁབ་གཞན་ལ་སྡིག་ར་སྐུལ་བའི་གནས་ཚུལ་ཡང་སེ་བྱུང་དང་འབྱུང་བཞིན་པ་མ་ཟད། རྩོད་གཞི་ཡོད་པའི་མཚོ་གླིང་ཁག་གི་ཐོག་དྲག་པོའི་རྟེན་གཞི་འཛུགས་བསྐྲུན་བྱས་ཏེ་མངའ་ཁུལ་གྱི་བདེ་འཇགས་ལ་འཁྲུག་རྐྱེན་བཟོ་བཞིན་པར་བརྟེན། ངས་འདིར་གསལ་པོ་བྱས་ནས་བརྗོད་རྒྱུ་ཞིག་ལ། རྒྱ་མཚོའི་མཁའ་ལམ་དང་མཚོ་ལམ་ཐོག་རང་དབང་གི་འགྲུལ་བསྐྱོད་བྱ་རྒྱུར་འགོག་རྐྱེན་ཇི་འདྲ་ཞིག་བཟོས་པ་ཡིན་ཡང་དེར་ཨ་རི་གཞུང་གིས་ངོས་ལེན་དང་བརྩི་བཀུར་བྱེད་ཀྱི་མ་རེད་ཅེས་གསུངས་འདུག་པ་དང༌།
དེ་བཞིན་དེའི་སྔོན་དུ་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པ་ཐུན་མོང་གིས་ཀྱང༌། ང་ཚོས་རྒྱ་ནག་གཞུང་གིས་རྩོད་རྙོག་ཡོད་པའི་མཚོ་གླིང་ཁག་གི་ཐོག་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་བཞིན་པ་དེ་དག་མཚམས་འཇོགས་བྱེད་དགོས་པའི་དགོས་འདུན་བཏོན་གྱི་ཡོད་པ་མ་ཟད། མཚོ་གླིང་བདག་དབང་གི་རྩོད་རྙོག་དེ་དག་ཆེ་རུ་མི་འགྲོ་བའི་ཆེད། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་ལྷོ་རྒྱ་ནག་རྒྱ་མཚོ་མངའ་ཁུལ་དུ་སྤྱོད་ཚུལ་འཛིན་སྟངས་ཀྱི་གྲོས་མཐུན་ཞིག་གང་མགྱོགས་འཇོགས་དགོས་པ་ཧ་ཅང་གི་གལ་གནད་ཆེན་པོ་མཐོང་གི་འདུག་ཅེས་གསུངས་ཡོད་པ་རེད།  

གསར་འགོད་པ་ངག་ཆོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།