བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག

2025.01.18
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
Office of Arif Virani

དེ་ཡང་ཁེ་ཎ་ཌའི་མངའ་སྡེ་ཨོན་ཌེ་རི་ཡོ་ས་གནས་པག་ཌེལ་དང་ཧཱེ་པག་ཁུལ་དུ་ལས་རིགས་འདྲ་མིན་ཐོག་སྤྱི་ཚོགས་ནང་ཤུགས་རྐྱེན་དང་བྱས་རྗེས་བཞག་མཁན་སུམ་བཅུ་སོ་ལྔར་དབྱིན་ཇིའི་རྒྱལ་པོ་Charles III ཁྲི་འདོན་རྟགས་མ་དང་ཕྱག་ཁྱེར་གནང་བ་བཞིན་ས་ཁུལ་དེ་ནས་བོད་མི་བཞི་འདེམས་ཐོན་བྱུང་བའི་ནང་། ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གླང་དཀར་བསོད་ནམས་ལགས་དང་། པག་ཌེལ་རིག་གཞུང་སྣ་མང་ཚོགས་པའི་གཞིས་ཆགས་ལས་གཞིའི་འགན་འཛིན་ཚེ་རིང་ནོར་འཛོམས་ལགས། ལས་བྱེད་ཚེ་རིང་དཔལ་སྒྲོན་ལགས། ཟ་ཁང་གི་སྦྱིན་བདག་བློ་དགའ་ལགས་བཅས་ལ་རྟགས་མ་དང་ཕྱག་ཁྱེར་ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་དང་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Arif Virani མཆོག་གི་མཚན་ཐོག་ནས་འདི་ཚེས་༡༥ ཕྱི་དྲོ་གནང་བ་ཞིག་རེད་འདུག

WhatsApp Image 2025-01-18 at 3.23.37 PM (1).jpeg
གླང་དཀར་བསོད་ནམས་ལགས་སུ་ཕྱག་ཁྱེར་འབུལ་སྐབས། པར་དབང་། Office of Arif Virani

གླང་དཀར་བསོད་ནམས་ལགས་ཀྱིས་གསུངས་ན། རྩ་བའི་རྟགས་མ་དེ་བཞིན་ཁེ་ཎ་ཌའི་རྒྱལ་ཁབ་ཁྱོན་ཡོངས་ཀྱི་མི་སྣ་བྱས་རྗེས་ཅན་ཕྱི་ནང་གཉིས་ཀྱི་མི་རིགས་ཁྲི་གསུམ་ལྷག་ཙམ་ལ་ཕུལ་བ་བཞིན་ཁོང་ནས་ལོ་མང་རིང་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ནང་ཞབས་ཞུ་གནང་སྐབས་གྲུབ་འབྲས་ཐོན་པའི་ཕྱག་ལས་གནང་བར་གཟེངས་བསྟོད་ཆེད་ཕུལ་བ་ཞིག་ཡིན་སྐོར་གསུངས་བྱུང་།

WhatsApp Image 2025-01-18 at 3.23.40 PM.jpeg
ཚེ་རིང་ནོར་འཛོམས་ལགས་སུ་ཕྱག་ཁྱེར་འབུལ་སྐབས། པར་དབང་། Office of Arif Virani

དེ་བཞིན་པག་ཌེལ་རིག་གཞུང་སྣ་མང་ཚོགས་པའི་གཞིས་ཆགས་ལས་གཞིའི་འགན་འཛིན་ཚེ་རིང་ནོར་འཛོམས་ལགས་ནས། ཁོང་ནས་ལོ་བཅུ་བདུན་ལྷག་ཙམ་ཞིག་གི་ནང་དུ་ཕྱི་མི་གཞིས་སྤོས་ཀྱི་གནད་དོན་དང་འབྲེལ་བའི་སྐོར་ལ་ཞབས་འདེགས་དང་གཟེངས་སུ་ཐོན་པའི་ཕྱག་ལས་མང་དག་ཅིག་གནང་བའི་བརྒྱུད་ས་གནས་མི་མང་གི་དཀའ་ངལ་སེལ་ཐུབ་པར་བརྟེན་ནས་བོད་མི་ཞིག་ལ་ངོས་འཛིན་གནང་བར་དགའ་སྤོབས་བྱུང་བ་ངོ་སྤྲོད་གནང་བྱུང་།

WhatsApp Image 2025-01-18 at 3.23.41 PM (1).jpeg
ཚེ་རིང་དཔལ་སྒྲོན་ལགས་སུ་ཕྱག་ཁྱེར་འབུལ་སྐབས། པར་དབང་། Office of Arif Virani

ཚེ་རིང་དཔལ་སྒྲོན་ལགས་ནས། གཙོ་བོ་བོད་ཁྱིམ་སློབ་གྲྭའི་རང་ལས་གཞན་གཅེས་པའི་ཁོར་ཡུག་དང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཅས་ཀྱི་བཀའ་དྲིན་འོག་ཁོང་ནས་རང་རེའི་སྤྱི་ཚོགས་དང་ཆོས་ཚོགས་ཁག་གི་ནང་དུ་ལོ་མང་རིང་དང་བླངས་ཕྱག་ལས་གནང་བར་ཆེ་བསྟོད་གནང་བ་ཞིག་ཡིན་པ་དང་། བོད་མི་ཞིག་ལ་དེ་ལྟ་བུའི་ངོས་འཛིན་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་བྱུང་།

WhatsApp Image 2025-01-18 at 3.23.41 PM (2).jpeg
བློ་དགའ་ལགས་སུ་ཕྱག་ཁྱེར་འབུལ་སྐབས། པར་དབང་། Office of Arif Virani

ཡང་བློ་དགའ་ལགས་ནས། ཁོང་ནས་ལོ་དགུ་ལྷག་ཙམ་ཞིག་གི་ནང་ས་གནས་སུ་ཡོད་པའི་མི་ཉམས་ཐག་དང་། བཟི་སྨན་ལངས་ཤོར་བ་ཁག་ཅིག དེ་མིན་སློབ་ཕྲུག་བཅས་མི་ཉུང་བ་ཞིག་ལ་ཁོང་གི་ཟ་ཁང་ནས་ཟས་སྦྱིན་དང་དཔལ་འབྱོར་ཕྲན་བུ་རྒྱབ་སྐྱོར་གནང་བ་བཅས་ལ་གཞིགས་ནས་ངོས་འཛིན་གནང་བར་ཁོང་གི་ཁྱིམ་ཚང་ལ་སྙིང་སྟོབས་དང་སེམས་ཤུགས་ཕར་མ་ཞིག་བསྐྲུན་པར་དགའ་ཚོར་ཆེན་པོ་བྱུང་བ་ངོ་སྤྲོད་གནང་བྱུང་།

རྟགས་མ་དང་ཕྱག་ཁྱེར་དེ་བཞིན། རྒྱལ་པོ་Charles III ཁྲི་འདོན་དང་བསྟུན། ཐེངས་དང་པོ་དབྱིན་ཡུལ་དུ་སྤྱི་ལོ་༢༠༢༣ ལོར་འགོ་ཚུགས་པ་བཞིན། འདི་ལོ་ཁེ་ཎ་ཌའི་ནང་དང་ཁེ་ཎ་ཌའི་མི་སེར་གྱི་རྒྱལ་ཁབ་གཞན་དུ་ཁེ་ཎ་ཌའི་མི་སེར་གྱི་མཚན་ཐོག་ནས་ལས་རིགས་འདྲ་མིན་ཐོག་གྲུབ་འབྲས་དང་བྱས་རྗེས་འཇོག་ཐུབ་མཁན་རྣམས་ལ་སྤྱི་ཁྱབ་སྲིད་སྐྱོང་དྲུང་ཡིག་ལས་ཁུངས་ནས་ཐུགས་འགན་བཞེས་ནས་གནང་བ་ལྟར། འདི་ལོ་བོད་མི་བཞིར་རྟགས་མ་དང་ཕྱག་ཁྱེར་དེ་འདྲ་ཞིག་ཐོབ་པ་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་སློབ་ལམ་སྟོན་ཁག་ལ་གང་ཐུབ་ཀྱི་ཤར་བསྐྱོད་གནང་བ་བཅས་ལ་གཞིགས་ནས་བྱུང་བ་ཁོང་རྣམས་ནས་ངོས་འཛིན་གནང་བཞིན་འདུག།

གསར་འགོད་པ། ཨོ་རྒྱན།

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ་བཞིན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎