སློབ་ཆེན་པ་ཀུན་བཟང་རྒྱལ་མཚན་ལགས་འཛིན་བཟུང་རྗེས་གནས་སྟངས་ཁ་གསལ་མེད་པར་ལྷག་འདུག

2020.12.07
Share on WhatsApp
Share on WhatsApp
སློབ་ཆེན་པ་ཀུན་བཟང་རྒྱལ་མཚན་ལགས་འཛིན་བཟུང་རྗེས་གནས་སྟངས་ཁ་གསལ་མེད་པར་ལྷག་འདུག ཕོ་བྲང་པོ་ཏཱ་ལའི་མདུན་ཐང་། ༡༠།༡༥།༢༠༢༠
REUTERS

བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་ཞིབ་འཇུག་སློབ་མའི་སློབ་སྦྱོང་གནང་བཞིན་པ་ཀུན་བཟང་རྒྱལ་མཚན་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་རྗེས་གནས་སྟངས་གསལ་ཁ་མེད་པར་གྱུར་ཡོད་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་ལྷ་ས་གྲོང་ཁྱེར་ནང་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་ཞིབ་འཇུག་སློབ་མའི་སློབ་གཉེར་གནང་བཞིན་པ། མདོ་སྨད་མཚོ་སྔོན་ཞིང་ཆེན་མང་ར་རྫོང་ནས་ཡིན་པ། བོད་མི་གཞོན་སྐྱེས་ཀུན་བཟང་རྒྱལ་མཚན་ལགས་ཀྱིས་བོད་དོན་ཆབ་སྲིད་དང་འབྲེལ་བ་ཡོད་པའི་དཔེ་ཆ་ཁག་ཅིག་འགྲེམ་སྤེལ་བྱེད་བཞིན་པར་ཁག་བཞག་སྟེ། རྒྱ་ནག་གཞུང་གིས་སྤྱི་བདེ་ཉེན་རྟོག་པས་ཁོང་ལ་དང་པོ་ཉེན་བརྡ་བཏང་ཡོད་པ་དང་ཆབས་ཅིག སྤྱི་ལོ་༢༠༢༠ལོའི་ཟླ་བ་༦པའི་ནང་ཁོང་དངོས་སུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། ད་ལྟ་ཁོང་གི་གནས་སྟངས་དང་ས་གནས་གང་དུ་བཙོན་འཇུག་བྱས་པ་སོགས། ནང་མི་ཚོས་རྩད་གཅོད་ཇི་ཙམ་བྱས་ཀྱང་རྒྱ་ནག་གཞུང་གིས་རྩ་བ་ནས་བཤད་ཀྱི་མེད་པར་བརྟེན། བོད་མི་གཞོན་སྐྱེས་ཤེས་ཡོན་པ་ཁོང་གར་ཡོད་ཀྱི་གནས་ཚུལ་ད་དུང་ཡང་གསལ་ཁ་མེད་པར་ལྷག་ཡོད་པ། བཙན་བྱོལ་བོད་མི་ཞིག་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ངོ་སྤྲོད་གནང་གི་འདུག
ཡང་གནས་ཚུལ་ངོ་སྤྲོད་པ་གཞན་ཞིག་གིས། རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་ལྷ་ས་ནས་འཛིན་བྱུང་བཀག་སྐྱིལ་བྱས་ཏེ་ཟླ་བ་དྲུག་ལྷག་ཕྱིན་འདུག་མོད། ད་ལྟའི་ཆར་ཁོང་ས་ཆ་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་ཁོང་གི་བདེ་འཇགས་སོགས་ཀྱི་གནས་ཚུལ་ཅི་ཡང་ཤེས་རྟོགས་བྱུང་མེད་སྟབས། ནང་མི་དང་ཉེ་འབྲེལ་རྣམས་ཀྱི་བློ་འཚབ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་བྱས་བྱུང་།
དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། བོད་མི་གཞོན་སྐྱེས་ཁོང་ནི་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་ཞིབ་འཇུག་སློབ་མའི་སློབ་གཉེར་གནང་མཁན་ཞིག་ཡིན་པ་དང་། ཁོང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་ནི་གནས་ཚུལ་བདེན་པ་ཡིན་པ་དང་། ད་སྐབས་ནང་མི་ལ་ཐུག་འཕྲད་བྱེད་མི་བཅུག་པ་དང་ས་ཆ་གང་དུ་ཡོད་པ་གསང་བ་བྱས་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
མདོ་སྨད་མང་ར་རྫོང་མགོ་མང་གྲོང་རྡལ་འབྲོག་རུ་སྡེ་བའི་གདུགས་དཀར་རྒྱལ་གྱི་བུ་ཀུན་བཟང་རྒྱལ་མཚན་ལགས་ནི་རང་ལོ་༢༧ནས་༢༨ཙམ་ཡིན་པ་དང་། མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་གི་འབྲོག་རུ་སྡེ་བ་ནས་ཡིན་པ་དང་། ཆུང་དུས་འབྲོག་རུ་སྡེ་བའི་སློབ་ཆུང་དང་རིམ་པས་མགོ་མང་གྲོང་བརྡལ་གྱི་ཆ་ཚང་སློབ་གྲྭ་ལ་ཞུགས་ཏེ། དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་སྦྱོང་ཐོན་རྗེས། བོད་ལྗོངས་སློབ་གྲྭ་ཆེན་མོ་ལ་ཚུད་རྒྱུགས་ཀྱི་ལམ་ནས་འཛུལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་སྲིད་བྱུས་ལ་འགྱུར་བ་མ་བཏང་ན་ཞི་ཅིན་ཕིང་ལ་ལོ་རྒྱུས་ཀྱི་ནག་ཉེས་ཕོག་སྲིད། སྲིད་སྐྱོང་མཆོག་གིས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ནུབ་ཕྱོགས་ཡར་ཐོན་ཅན་གྱི་མང་ཚོགས་ཁྲོད་རྒྱ་ནག་ལ་བལྟ་ཚུལ་སྡུག་ཏུ་འགྲོ་བཞིན་པའི་སྙན་ཐོ་བཏོན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎