རྒྱ་གར་གཞུང་ཚབ་ཁང་དུ་བ་ཀུ་ལ་རིན་པོ་ཆེའི་མཛད་རྣམ་དཔེ་དེབ་དབུ་འབྱེད་གནང་འདུག

2021-09-17
Share
རྒྱ་གར་གཞུང་ཚབ་ཁང་དུ་བ་ཀུ་ལ་རིན་པོ་ཆེའི་མཛད་རྣམ་དཔེ་དེབ་དབུ་འབྱེད་གནང་འདུག རྒྱ་གར་གཞུང་ཚབ་ཁང་དུ་བ་ཀུ་ལ་རིན་པོ་ཆེའི་མཛད་རྣམ་དཔེ་དེབ་དབུ་འབྱེད་གནང་སྐབས།
OOT, Moscow

ཨུ་རུ་སུའི་རྒྱལ་ས་མོ་སུ་ཁོ་(Moscow)་ནང་བཅའ་བཞུགས་རྒྱ་གར་གྱི་གཞུང་ཚབ་ཆེན་མོས་ལ་དྭགས་བླ་མ་གྲགས་ཅན་བ་ཀུ་ལ་དམ་པའི་སྐུ་ཚེའི་མཛད་རྣམ་(The Architect of Modern Ladakh)་འམ་དེང་དུས་ལ་དྭགས་ཀྱི་བཟོ་བཀོད་པ་ཞེས་ཨུ་རུ་སུའི་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པའི་དཔེ་དེབ་དབུ་འབྱེད་གནང་སྐབས། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་ཡིས་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་དབུས་པའི་མཐོ་རིམ་མི་སྣ་རྣམ་པ་སྣེ་ལེན་གནང་བ་དང་། ཨུ་རུ་སུའི་ནང་གི་ནང་ཆོས་སྤྱི་དང་ལྷག་དོན་དུ་བོད་དང་སྲོལ་རྒྱུན་གྱི་ནང་པའི་མངའ་ཁུལ་ཁག་གི་རྒྱལ་རབས་ལོ་རྒྱུས་ཐོག་ནས་འབྲེལ་བ་ཡོད་པ་དེང་སྐབས་ནང་པའི་མངའ་ཁུལ་དེ་དག་ལ་དཀའ་ངལ་འཕྲད་བཞིན་པ་ཁག་གི་སྐོར་གསུངས་པ་མ་ཟད། མ་འོངས་པར་མཉམ་འབྲེལ་གནང་ཕྱོགས་སོགས་ཀྱི་སྐོར་སྐུ་མགྲོན་དང་དང་ཚོགས་ཞུགས་པ་ཚོར་ངོ་སྤྲོད་གནང་འདུག
སྐབས་དེར་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་(Venkatesh Varma)་ལགས་ཀྱིས། བ་ཀུ་ལ་རིན་པོ་ཆེ་དམ་པས་འགྲོ་བ་མིའི་རིགས་སྤྱི་དང་། ལྷག་དོན་དུ་དེ་སྔ་ཨུ་རུ་སུའི་སྤྱི་མཐུན་རྒྱལ་ཁབ་ལ་དཀའ་ངལ་འཕྲད་སྐབས་བསྔགས་བརྗོད་ཞུ་འོས་པ་དང་ཕན་ཐོག་ཆེ་བའི་མཛད་པ་དུ་མ་ཞིག་བསྐྱངས་ཡོད་སྐོར་བསྔགས་བརྗོད་དང་བཅས་གསུངས་འདུག
ཡང་མཛད་རྣམ་དཔེ་དེབ་དེ་རྩོམ་མཁན་བ་ཀུ་ལ་རིན་པོ་ཆེ་དམ་པར་ལོ་༣༥་ལྷག་རིང་དྲུང་ཡིག་གནང་མྱོང་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས། དེ་སྔ་བ་ཀུ་ལ་རིན་པོ་ཆེ་ཕེབས་སའི་ཨུ་རུ་སུའི་ས་གནས་ཁག་མཇལ་དུས་རིན་པོ་ཆེ་དྲན་ནས་སེམས་སྡུག་ཡོང་གི་ཡོད་པ་དང་། རིན་པོ་ཆེ་མཆོག་གིས་(Buddhist Summit in Japan)་ཞེས་པ་དང་། སོག་ཡུལ་ནང་(ABCP)་ཞེས་པའི་ནང་པའི་ལྷན་ཚོགས་ཁག་གསར་འཛུགས་གནང་པ། རིན་པོ་ཆེ་དམ་པ་དེའི་མཛད་རྣམ་དེ་བཞིན་སོག་ཡིག་དང་། ཧྥ་རན་སིའི་སྐད་ཡིག་བཅས་སྐད་ཡིག་མང་པོའི་ནང་བསྒྱུར་ཟིན་པ་དང་། ད་དུང་རྒྱ་ཡིག་ནང་བསྒྱུར་དགོས་པའི་འབོད་སྐུལ་ཞུས་པ་བཞིན་དེའི་ཐོག་ཕྱག་ལས་གནང་གི་ཡོད་སྐོར་སོགས་གསུངས་འདུག
དཔེ་དེབ་དེ་དབུ་འབྱེད་གནང་དོན་གཙོ་བོ་ནི། རྒྱ་གར་དང་ཨུ་རུ་སུ་གཉིས་བར་ཤེས་ཡོན་དང་སྒྱུ་རྩལ་རིག་གཞུང་དང་། རྩོམ་རིག་སོགས་ཀྱི་ཐད་མཉམ་འབྲེལ་ཀྱི་ནུས་ཤུགས་གོང་འཕེལ་གཏོང་ཐབས་སོགས་ཀྱི་ཆེད་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བར་གནས་ཚུལ་སྤེལ་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།