དུས་ཐོག་དོ་སྣང་མ་བྱས་པ།


2013.06.05
དུས་ཐོག་དོ་སྣང་མ་བྱས་པ། གནས་སྟངས་ཛ་དྲག་ཏུ་ཕྱིན་སྐབས་གཞི་ནས་དམག་མི་བཏང་བ།
བོད་ནས་བཏང་འབྱོར།

༄༅།    །བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན།    ཕྱི་ཟླ་༥ཚེས་༣༠ཉིན་རེབ་གོང་ཕྱོགས་ཀྱི་ཤ་བྲང་དང་བློན་ཆོས་སྡེ་བ་གཉིས་ཀྱིས་འཁྱམ་དོ་དང་ཁས་སྔོན་ཞེས་པའི་ས་ཆ་བརྩད་དེ་མི་གཉིས་བསད་ཡོད་ལ།  དེ་ནི་དེའི་སྔོན་གྱི་ཉིན་ཤས་གོང་ཕན་ཚུན་འཁྲུག་རྩོད་བྱུང་སྐབས་མེ་མདའི་སྐད་འདྲ་བ་འགའ་གྲགས་ཡོད་ཀྱང་། གཉན་ཐོག་ཡུལ་ཚོའི་ཡུལ་གཙོ་གཞོན་པས་ཤ་བྲང་ལ་མེ་མདའ་ཡོད་པ་གཏན་ནས་ཁས་ལེན་བྱས་མེད་པ་དང་། དེ་ནི་བློན་ཆོས་ལ་འཇིགས་སྐུལ་ཆེད་ཤོག་སྦག་བརྒྱབ་པ་ལས་མེ་མདའི་སྐད་མིན་ཚུལ་བརྗོད་པ་ སོགས་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་དུས་ཐོག་དོ་སྣང་ཡག་པོ་མ་བྱུང་བར་བརྟེན།    མཐར་མི་གསོད་དོན་རྐྱེན་བྱུང་བ་ས་གནས་ནས་བོད་མི་ཞིག་གིས་ངོ་སྤྲོད་གནང་སོང་། གནས་སྟངས་དེའི་རྐྱེན་ཕྱི་ཚེས་༣༠ཉིན་སླར་ཡང་འཁྲུགས་འཛིངས་བྱུང་སྐབས་ཤ་བྲང་སྡེ་བས་མེ་མདའ་བརྒྱབ་ནས་བློན་ཆེན་སྡེ་བའི་མི་གཉིས་བསད་པ་དང་། གསུམ་ལ་རྨས་སྐྱོན་ཕོག་པ་ལས་གཅིག་གནས་སྟངས་ཛ་དྲག་ཡིན་པའི་གནས་ཚུལ་བྱུང་ཡོད།
དེ་ལྟར་གནས་སྟངས་ཛ་དྲག་གྱུར་ནས་ཕྱི་ཚེས་༣༡ཉིན་བློན་ཆེན་མི་མང་ཤ་བྲང་ལ་འཁོན་ལན་སློག་པར་འགྲོ་སྐབས་རེབ་གོང་རོང་བོ་དགོན་ཆེན་གཙོས་ས་གནས་ཡུལ་མི་རྣམས་ཀྱིས་ཁ་བརྡ་སེམས་གསོ་བྱས་ནས་འགོག་ཐབས་བྱས་འདུག མུ་མཐུད་གནས་སྟངས་ཛ་དྲག་ལ་འགྱུར་ཉེན་ཆེ་སྐབས་གཞི་ནས་རྒྱ་ནག་གི་ས་གནས་སུ་དམག་མི་དང་ཉེན་རྟོག་པ་བརྒྱ་ཕྲག་ཁ་ཤས་བཏང་ནས་འཁྲུགས་འཛིངས་བྱེད་མཁན་བོད་མི་ཚོ་འཛིན་བཟུང་བྱེད་བཞིན་པ་དང་། ད་བར་ཉུང་མཐར་ཡང་བོད་མི་༣༠ཙམ་འཛིན་བཟུང་བྱས་ཡོད་པ་ས་གནས་ནས་ངོ་སྤྲོད་གནང་བྱུང་། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་སུད་སིའི་གཞུང་དོན་འཚམས་གཟིགས་འགྲུབ་སྟེ་ཧྥ་རན་སིར་ཕེབས་འབྱོར་བྱུང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎