རྒྱ་གར་ལ་དྭགས་མཐའ་མཚམས་སུ་རྒྱ་ནག་གི་དམག་མིས་བཀག་སྡོམ་བྱས་ནས་ས་གནས་འབྲོག་པ་ཚོར་སྒོ་ཕྱུགས་འཚོ་སྐྱོང་བྱེད་བཅུག་མི་འདུག

2021.09.24
རྒྱ་གར་ལ་དྭགས་མཐའ་མཚམས་སུ་རྒྱ་ནག་གི་དམག་མིས་བཀག་སྡོམ་བྱས་ནས་ས་གནས་འབྲོག་པ་ཚོར་སྒོ་ཕྱུགས་འཚོ་སྐྱོང་བྱེད་བཅུག་མི་འདུག ལ་དྭགས་ཆུ་ཤུལ་ས་གནས་གྲོས་ཚོགས་འཐུས་མི་དཀོན་མཆོག་བསྟན་འཛིན་ལགས།
@kstanzinladakh/FB

རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་ཆ་གང་མཚམས་བཙན་བཟུང་བྱས་འདུག་སྙམ་ཅེས་ཆུ་ཤུལ་ས་གནས་གྲོས་ཚོགས་འཐུས་མི་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་རྒྱ་གར་གྱི་ཧིན་རྡུ་གསར་ལས་ཁང་ལ་བརྗོད་འདུག
དེ་ཡང་རྒྱ་གར་ལ་དྭགས་ཤར་ཕྱོགས་ཀྱི་(Gogra)་ས་ཁུལ་གྱི་ཉེ་འཁྲིས་སུ། རྒྱ་ནག་གཞུང་གིས་དམག་མི་དཔུང་འཇོག་བྱས་པའི་རྐྱེན་གྱིས་དེ་ཁུལ་གྱི་ལ་དྭགས་གྲོང་གསེབ་པ་ཚོའི་སྒོ་ཕྱུགས་སེམས་ཅན་རྣམས་རྩྭ་ཐང་དུ་འཚོ་སྐྱོང་དཀའ་བའི་དཀའ་ངལ་ཡོང་བཞིན་པ་དང་། ད་སྐབས་རྒྱ་ནག་གཞུང་གིས་རྒྱ་གར་ལ་དྭགས་ཀྱི་ས་ཆ་གང་མཚམས་བཙན་བཟུང་བྱས་འདུག་སྙམ་ཅེས་ཆུ་ཤུལ་ས་གནས་གྲོས་ཚོགས་འཐུས་མི་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་བློ་ཚབས་དང་བཅས་རྒྱ་གར་གྱི་ཧིན་རྡུ་གསར་ལས་ཁང་ལ་བརྗོད་པའི་གནས་ཚུལ་སྤེལ་འདུག
ཁོང་གིས་ངོ་སྤྲོད་གནང་བའི་ནང་། ལོ་མང་རིང་ལ་དྭགས་(Gogra)་ས་ཁུལ་ཉེ་འཁྲིས་སུ་ཡོད་པའི་(Lukung)་དང་། (Phobrang) (Yourgo)་བཅས་གྲོང་གསེབ་ཀྱི་འབྲོག་པ་ཚོས་(Kiu)་ལ་བརྒྱུད་(Gogra)་ཁུལ་གྱི་རྩྭ་ཐང་དུ་སྒོ་ཕྱུགས་སེམས་ཅན་བཏང་ནས་འཚོ་སྐྱོང་བྱེད་སྲོལ་ཡོད་ཀྱང་། ཉིན་ཤས་གོང་ཁུལ་དེ་ནས་རྒྱ་ནག་གི་དམག་མིས་བཀག་སྡོམ་བྱས་ནས་ས་གནས་འབྲོག་པ་ཚོར་སྒོ་ཕྱུགས་འཚོ་སྐྱོང་བྱེད་བཅུག་མི་འདུག་ཅེས་དང་། ཡུན་རིང་ས་ཁུལ་དེ་ནི་རྩོད་རྙོག་གང་མེད་པའི་ས་ཁུལ་ཞིག་ཡིན་པ་རེད། ཡིན་ཡང་ད་ཆ་རྒྱ་ནག་གི་ས་སྲུང་དམག་མིས་དབང་བསྒྱུར་བྱས་ཡོང་དུས། ངའི་བསམ་པར་རྒྱ་ནག་གི་དམག་མིས་རྒྱ་གར་གྱི་ས་ཆ་བཙན་བཟུང་བྱས་འདུག་སྙམ་གྱི་འདུག་ཅེས་བརྗོད་འདུག
ད་དུང་ཁོང་གིས། (Gogra)་ས་གནས་དེར། ཁ་པར་དང་ཡང་ན་དྲ་རྒྱའི་མཐུན་རྐྱེན་སོགས་གང་ཡང་མེད་པར་བརྟེན་ས་མཚམས་ཀྱི་གནས་ཚུལ་གནས་སྟངས་ལ་འགྱུར་བ་གང་འདྲ་བྱུང་མིན་ཐད་གནས་ཚུལ་ཤེས་རྟོགས་དཀའ་བ་དང་། འཕགས་བོད་ས་མཚམས་ཁུལ་གྱི་རྒྱ་གར་གྱི་ས་མཚམས་ཉེ་འཁྲིས་སུ། རྒྱ་ནག་གིས་གཏན་འཇགས་ས་ཁང་དང་གཞུང་ལམ་འཛུགས་བསྐྲུན་སྣ་མང་བྱས་ཡོད་ཀྱང་། རྒྱ་གར་ཕྱོགས་ནས་ལམ་གཞུང་རེ་གཉིས་ཙམ་མ་གཏོགས་འཛུགས་བསྐྲུན་གང་ཡང་མཐོང་རྒྱུ་མེད་པ་དང་། དེ་བས་ས་ཁུལ་དེར་གཞུང་ཕྱོགས་ནས་དོ་སྣང་དང་། ས་གནས་དེའི་ནང་ཁ་པར་དང་དྲ་རྒྱའི་མཐུན་རྐྱེན་དགོས་གལ་ཆེ་བའི་སྐོར་འབོད་སྐུལ་ལན་མང་བྱས་ཀྱང་ཡ་ལན་གང་ཡང་བྱུང་མེད་པར་བློ་ཕམ་ཡོད་པ་ཡང་འགྲེལ་བརྗོད་བྱས་འདུག
ལ་དྭགས་ཤར་ཕྱོགས་ཀྱི་(Gogra)་ས་གནས་ནི། འཕགས་བོད་ས་མཚམས་དང་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་རྙོག་གླེང་མང་པོ་ཡོང་བཞིན་པའི་གྲས་ཞིག་ཡིན་པ་དང་། དེ་སྔ་༢༠༢༠་ལོའི་ཕྱི་ཟླ་༤་པའི་ནང་ལ་དྭགས་ཤར་ཕྱོགས་ཀྱི་སྤང་སྒོང་མཚོའི་ཁུལ་དུ། རྒྱ་དཀར་ནག་གི་ས་མཚམས་དམག་མིའི་བར་གདོང་ཐུག་འཁྲུག་འཛིང་བྱུང་རྗེས། ཕྱོགས་གཉིས་ཀས་དམག་དཔུང་རིམ་བཞིན་ཕྱིར་འཐེན་བྱས་ནས་སྤང་སྒོང་མཚོ་དང་། (Gogra)་ས་ཁུལ་དེ་གཉིས་མི་མེད་བར་གནས་ཀྱི་ས་གནས་སུ་གྱུར་ཡོད་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎