གསེར་རྟའི་གྲྭ་ཤག་གཏོར་བ་ནི་ཆོས་དད་ལ་རྡོག་རོལ་བཏང་བ་རེད།


2016-08-09
Share
གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་ཤུལ། ༢༠༡༦།༧།༢༥ གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་ཤུལ། ༢༠༡༦།༧།༢༥
བོད་འབྱོར།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་བྱ་སྤྱོད་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་བ་ཞིག་རེད་ཅེས་གསུངས་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་ANI་ཞེས་པའི་གསར་འགྱུར་ལས་ཁང་ལ་གསུངས་པའི་གནས་ཚུལ་ཞིག་Business Standard་ཞེས་པས་བཀོད་དོན། རྒྱ་ནག་གཞུང་ནས་གསེར་རྟ་ཕྱོགས་སུ་ཡོད་པའི་སྙན་གྲགས་ཅན་གྱི་གསེར་རྟ་བླ་རུང་སྒར་ཞེས་པའི་ནང་ཆོས་སློབ་གཉེར་བྱེད་ཡུལ་དེ་བཞིན། ཉེ་ཆར་ནས་བཟུང་གཏོར་བཤིག་གཏོང་བཞིན་ཡོད་པ་དེ་ནི་བློ་ཕམ་སྐྱེས་གཞི་ཞིག་རེད་ལ་དེ་ནི་རྒྱ་ནག་གི་བོད་མི་ཚོའི་ཆོས་ཕྱོགས་ཀྱི་བྱ་སྒོ་སྤེལ་སྟངས་ཐོག་ལངས་ཕྱོགས་གཉིས་འཛིན་པ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་རེད། དཔེར་ན་ཕྱོགས་གཅིག་ནས་ཆོས་དད་རང་མོས་ཡོད་ལུགས་བཤད་ནས་བོད་ནང་བླ་མ་འགའ་ཤས་གསུང་ཆོས་གནང་བཅུག་གི་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་གྲྭ་བཙུན་སྟོང་ཕྲག་མང་པོ་སློབ་གཉེར་བྱེད་ཡུལ་གྱི་བླ་རུང་སྒར་གཏོར་བཤིག་གཏོང་རྒྱུའི་ལས་འགུལ་སྤེལ་གྱི་ཡོད་པ་རེད། བྱ་སྤྱོད་འདི་ནི་རྒྱ་ནག་གཞུང་གི་ཕྱི་ཕྱོགས་སུ་བོད་ནང་ཆོས་དད་རང་མོས་ཡོད་ཟེར་ནས་འགྲེལ་བཤད་རྒྱབ་པ་དང་། དོན་དངོས་སུ་བོད་མི་ཚོའི་ཆོས་དད་རང་དབང་ཐོག་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་གཉིས་འགལ་ཟླ་ཆགས་ཀྱི་ཡོད་རེད། ལྷག་པར་དུ་བླ་རུང་སྒར་ནང་བོད་མི་ཙམ་མ་ཡིན་པར་རྒྱ་མི་རིགས་སློབ་གཉེར་བྱེད་མཁན་ཡང་ཡོད་རེད་ཅེས་གསུངས་འདུག
ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་དུ། ཉེ་བའི་ཆར་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་གསེར་རྟ་བླ་རུང་ཆོས་སྒར་ནང་གི་གྲྭ་ཤག་བརྒྱ་ཕྲག་འགའ་ཤས་གཏོར་བཤིག་བཏང་ཟིན་པ་དང་། ཉིན་ལྟར་གྲྭ་ཤག་༢༠༠་ཙམ་གཏོར་གྱི་ཡོད་ལུགས་གནས་ཚུལ་ཐོན་བཞིན་ཡོད་རེད་ཅེས་ལུང་འདྲེན་བྱས་བ་མ་ཟད། བཙན་བྱོལ་ནང་གི་བོད་མི་ཚོས་གནད་དོན་འདིའི་སྐོར་མཉམ་སྦྲེལ་རྒྱལ་ཚོགས་གྱི་མནའ་བོའི་ཤུལ་རྫས་སྲུང་སྐྱོབ་ལས་དོན་ཚོགས་ཆུང་དང་། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་འབྲེལ་ཡོད་ལས་ཁུངས་སུ་ཞུ་གཏུགས་བྱས་ཡོད་པའི་སྐོར་ཡང་བཀོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།