བོད་དུ་རྡུང་རྡེག་ཚ་ནན་ཟེར་བའི་ལས་འགུལ།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་ལག་འཁྱེར་ཁ་པར་ཐོག་བོད་གཞས་ཕབ་ལེན་བྱས་པ་ཁག་ལ་ཉེན་རྟོག་པས་བརྟག་དཔྱད་བྱས་འདུག

2011.02.23

༄༅༎བོད་ནང་དགུན་དུས་ཀྱི་རྡུང་རྡེག་ཚ་ནན་ཟེར་བའི་ལས་འགུལ་འདི་སྤེལ་འགོ་ཚུགས་པ་ནས་བཟུང་ བོད་ནང་དམ་བསྒྲགས་ཆེ་རུ་བཏང་ཡོད་པའི་ནང་ དམིགས་བསལ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ལག་འཁྱེར་ཁ་པར་ཐོག་བོད་གཞས་ཕབ་ལེན་བྱས་པ་ཁག་ལ་ཉེན་རྟོག་པས་བརྟག་དཔྱད་བྱས་ཏེ་ཟླ་བ་དང་པོ་གཅིག་པུའི་ནང་བོད་པའི་གཞོན་སྐྱེས་ཉི་ཤུ་བརྒལ་བ་འཛིན་བཟུང་བཀག་ཉར་དང་དངུལ་གྱི་ཉེས་ཆད་བཏང་ཡོད་འདུག    

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་འབྱོར་བའི་འབྲེལ་ཡོད་ཡིག་ཆ་ཞིག་གི་ནང་འཁོད་པར་གཞིགས་ན་ བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སུ་དགུན་དུས་ཀྱི་རྡུང་རྡེག་ཚ་ནན་ཟེར་བའི་ལས་འགུལ་སྤེལ་འགོ་ཚུགས་པ་ནས་བཟུང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་འཆར་འགོད་བྱས་པ་བཞིན་ རྒྱ་མིའི་ལོ་གསར་དང་བོད་ཀྱི་ལོ་གསར་ཡང་བོད་ཞི་བས་བཅིངས་འགྲོལ་བཏང་སྟེ་ལོ་ངོ་༦༠འཁོར་བ་ཟེར་བའི་ཁྲོད་སྤྱི་ཚོགས་ཀྱི་བདེ་འཇགས་ཁོར་ཡུག་བཟང་པོ་སྐྲུན་རྒྱུའི་ཆེད་དུ་ལས་འགུལ་འདི་སྤེལ་ཡོད་པ་བརྗོད་འདུག བོད་པའི་གཞོན་སྐྱེས་ཉི་ཤུ་ཡན་འཛིན་བཟུང་བཀག་ཉར་དང་དངུལ་གྱི་ཉེས་པ་བཏང་དགོས་དོན་ནི་ས་གནས་གཞུང་གིས་ངོས་འཛིན་བྱས་པའི་ངོ་ལོག་གི་གཞས་ཟེར་བ་ལག་འཁྱེར་ཁ་པར་ཐོག་ཕབ་ལེན་སྒྲ་བཅུག་བྱས་པའི་དབང་གིས་ཡིན་པ་དང་ གཞུང་ཕྱོགས་ཀྱིས་ངོས་འཛིན་བྱས་པའི་ངོ་ལོག་གི་གཞས་ཟེར་བའི་ཁོངས་སུ་མཐུན་སྒྲིལ་རང་སྒྲ་དང་ ངའི་བླ་མ་ ཉི་ཟླ་སྐར་གསུམ་དྲན་བྱུང་ཟེར་བ་སོགས་གཞས་ཁག་ཅིག་ཡོད་པ་རེད་ འོན་ཀྱང་བོད་གཞས་དེ་ཚོ་བོད་ནང་གཏོང་མི་ཆོག་པ་ཕུད་ དེ་མིན་རྒྱ་ནག་གི་ས་ཕྱོགས་ཁག་ནང་བཀག་འགོག་མེད་པ་དང་ ས་གནས་གཞུང་གིས་ངོ་ལོག་ཟེར་བའི་གཞས་ཁ་པར་ནང་ཕབ་ལེན་སྒྲ་བཅུག་བྱས་པ་དེ་བདེ་(འཇགས་དོ་དམ་གྱི་ཁྲིམས་གཞི་)་ཨང་༤༧ནས་བརྒལ་བ་ཡིན་ལུགས་བརྗོད་ཀྱི་ཡོད་འདུག ལྷ་སར་བཞུགས་མཁན་བོད་མི་ཞིག་གིས་འདི་གར་ཞལ་པར་ཐོག་ནས་གནས་ཚུལ་ངོ་སྤྲོད་གནང་བའི་ནང་ གཞུང་ཕྱོགས་ནས་བཀག་འགོག་བྱས་པའི་བོད་གཞས་ཁག་གི་ནང་བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་པའི་ནང་དོན་ལས་གཞུང་ལ་ངོ་རྒོལ་གྱི་ནང་དོན་མེད་ན་ཡང་བཀག་འགོག་བྱེད་ཀྱི་ཡོད་པ་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎