ལྷ་སར་ནག་ཚོགས་གཙང་སེལ་གྱི་ལས་འགུལ་ཁྲོད་བོད་མི་གང་བྱུང་འཛིན་བཟུང་།


2019.05.24
སེར་ཤུལ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་སྤྱི་བསྒྲགས། ༢༠༡༩།༤ སེར་ཤུལ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་སྤྱི་བསྒྲགས། ༢༠༡༩།༤
བོད་འབྱོར།

བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གིས་ནག་ཚོགས་གཙང་སེལ་གྱི་ལས་འགུལ་ལ་ཁ་གཡར་ཏེ་བོད་མི་མང་པོ་གློ་བུར་འཛིན་བཟུང་བྱེད་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་སྤྱི་ཚོགས་བདེ་འཇགས་ལ་ཁ་གཡར་ཏེ་ནག་ཚོགས་གཙང་སེལ་དང་། ཟང་ཟིང་བཅོས་སྒྲིག་ཞེས་པའི་ལས་འགུལ་ཞིག་སྔ་ལོ་ནས་གྲ་སྒྲིག་གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་གང་སར་སྤེལ་བཞིན་ཡོད་ཅིང་། དེང་སྐབས་ལས་འགུལ་དེས་རྐྱེན་པས་ཉིན་རེ་ནས་ཉིན་རེ་དམ་དྲག་ཆེ་རུ་འགྲོ་བཞིན་འདུག་ཅེས་བོད་ནང་གི་ས་གནས་འབྲེལ་ཡོད་བོད་མི་ཞིག་གིས་འདི་གར་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་བ་མ་ཟད། ལས་འགུལ་དེའི་འོག་ནས་ལྷ་ས་གྲོང་ཁྱེར་ཁུལ་ནས་བོད་མི་མང་པོ་ཞིག་གློ་བུར་དུ་བོར་བརླག་འགྲོ་བཞིན་ཡོད་པ་དང་། ཁག་ཅིག་དོགས་གཞིའི་འོག་བཀག་ཉར་བྱས་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད།
ནག་ཚོགས་གཙང་སེལ་ཞེས་པའི་ལས་འགུལ་དེ་ནི་སྤྱི་ཚོགས་བདེ་འཇགས་ལ་ཁ་གཡར་བ་ཙམ་ལས་དོན་དངོས་ཐོག་བོད་མིར་དམ་དྲག་བྱེད་པའི་ལག་ཆ་ཞིག་ཡིན་པ་མ་ཟད། སུ་ཞིག་གིས་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་པ་ཡིན་ན་བྱ་དགའ་རྒྱ་སྒོར་ཁྲི་གསུམ་ཡན་སྤྲོད་རྒྱུའི་ཡིན་ཚུལ་བརྗོད་བཞིན་ཡོད་པ་མ་ཟད་མི་རྩིས་སྤྲོད་ཐེར་འདོན་བྱེད་མཁན་གྱི་བདེ་འཇགས་དང་གསང་བ་འགན་སྲུང་བྱ་རྒྱུ་ཡིན་པའི་ཁས་ལེན་ཡང་བྱེད་བཞིན་ཡོད་སྟབས་དེང་སྐབས་དངུལ་ཁོ་ནར་དགའ་བའི་མི་ཁག་ཅིག་གིས་བོད་མི་ནང་ཁུལ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་རེད་ཅེས་དང་དེས་སྐྱེན་པས་དེང་སྐབས་སོ་སོའི་གྲོགས་པོ་ཕན་ཚུལ་ལ་ཡང་ཡིད་ཆེས་དཀའ་བའི་གནས་སུ་གྱུར་ཡོད་པ་འགྲེལ་བརྗོད་གནང་སོང་། དེ་བཞིན་ནག་ཚོགས་གཙང་སེལ་གྱི་ལས་འགུལ་དེ་ནི་དུས་ཡུན་ལོ་ངོ་གསུམ་ནང་མཇུག་སྒྲིལ་བ་བྱ་རྒྱུའི་དམིགས་ཚད་བཟུང་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་རེད་འདུག
ཕྱོགས་མཚུངས་ཟླ་བ་འདིའི་ཕྱི་ཚེས་༢༡ ཉིན་ལྷ་ས་སྟོད་ལུང་གདོང་དཀར་ཡུལ་ཚོར་ཡང་མང་ཚོགས་བསྐོངས་ཏེ་ནག་ཚོགས་གཙང་སེལ་དང་ཟང་ཟིང་བཅོས་སྒྲིག་ཞེས་པའི་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་ཞིག་སྤེལ་འདུག་ཅིང་དྲིལ་བསྒྲགས་ལས་འགུལ་དེའི་ཡིག་ཆའི་ནང་ཁྲིམས་འགལ་་དོན་ཚན་༢༢ བཀོད་ཡོད་ཅིང་དོན་ཚན་གང་རུང་དང་འགལ་བའི་མི་སྣ་རྩིས་སྤྲོད་བྱས་ཚེ་བྱ་དགའ་གྱ་ནོམས་པ་སྤྲོད་རྒྱུ་མ་ཟད། རྩིས་སྤྲོད་བྱེད་མཁན་གྱི་བདེ་འཇགས་དང་གསང་བ་སྲུང་རྒྱུ་ཡིན་ཚུལ་བརྗོད་འདུག་ལ་དེ་བཞིན་རང་ཉིད་ཁྲིམས་འགལ་ནག་ཚོགས་ནང་མི་ཞུགས་པ་མ་ཟད་རང་གི་ངོ་ཤེས་ཉེ་འབྲེལ་ཚོར་ཡང་དེ་དོན་སློབ་གསོ་རྒྱག་དགོས་ཚུལ་ནན་བརྗོད་བྱས་འདུག
དེ་བཞིན་འདི་ག་རླུང་འཕྲིན་ཁང་ལ་ཉེན་རྟོག་ལས་ཁུངས་ཀྱི་སྤྱི་བསྒྲགས་ཡིག་ཆ་ཞིག་འབྱོར་བའི་ནང་། སེར་ཤུལ་ཕྱོགས་ཀྱི་ཁྲོ་ཤུལ་འགབ་མ་ཤང་གི་གཞི་རིམ་ལས་བྱེད་པ་འགའ་ཞིག་དང་། དུང་དཀར་དགོན་པའི་དགེ་འདུན་པ་འགའ་ཞིག་གིས་དུས་ཡུན་རིང་པོའི་ནང་འཇམ་རྩུབ་ཀྱི་ཐབས་ཤེས་རྒྱུད་དམངས་ཁྲོད་ཀྱི་གྱོད་གཞི་དང་རྩོད་གཞི་འདུམ་སྒྲིག་བྱས་ཏེ་ཁྲིམས་འཛིན་སྲིད་འཛིན་ལ་ཐེ་གཏོགས་བྱས་པ་དང་། དགེ་བཅུ་ཁྲིམས་སྲོལ་ཟེར་བ་ཞིག་བཟོས་ཏེ་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱིས་ཕྱུགས་རིགས་ཉོ་ཚོང་དང་བཤས་འཚོང་། སྨན་རྩ་རྐོ་འཐུ་སོགས་བཀག་འགོག་བྱས་པ་མ་ཟད། མང་ཚོགས་ལ་ཆོས་ལུགས་དམ་ཚིག་གི་འབྲེལ་བ་གཅོད་རྒྱུ་ཡིན་ཞེས་པ་དེ་དག་ནི། མང་ཚོགས་ལ་འཇིགས་སྐུལ་བྱས་ནས་བརྩི་བཀུར་བྱེད་དུ་འཇུག་པ་ཞིག་ཡིན་པ་དང་། མང་ཚོགསཀྱི་རྒྱུན་ལྡན་གྱི་འཚོ་བའི་ཐུན་སྐྱེད་ལ་གཏོར་བཤིག་བཏང་པ་ཞིག་རེད་ཟེར་བརྗོད་འདུག
ཡང་སྤྱི་བདེ་ལས་ཁུངས་ཀྱི་སྤྱི་བསྒྲགས་དེའི་ནང་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་བདེན་དོན་ར་སྤྲོད་བརྒྱུད་དོན་ངོ་མ་ས་གནས་རྒྱ་ནག་གཞུང་ལ་སྙན་སེང་ཞུ་མཁན་ལ་བྱ་དགའ་ཡང་སྤྲོད་རྒྱུ་ཡིན་ལུགས་བཀོད་འདུག
དེ་བཞིན་དུ་བོད་ཀྱི་མགོ་ལོག་ས་ཁུལ་དུའང་ནགས་ཚོགས་ངན་སེལ་ཟེར་བའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་ཁྱབ་ཁོངས་གི་རྫོང་ཡོངས་སུ་རྒྱ་ནག་གི་ནག་ཚོགས་ངན་སེལ་ཟེར་བའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་པའི་སྐོར་ལ་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་ཡས་ལ། ཟླ་བ་འདིའི་ཚེས་ཤར་ནས་བཟུང་ཁོང་གི་ཕ་ཡུལ་མགོ་ལོག་ཁུལ་གཅིག་གི་ཁྱབ་ཁོངས་རྫོང་ཁག་སོ་སོར་རྒྱལ་ཁབ་ཀྱི་ནག་ཚོགས་ངལ་སེལ་ཟེར་བའི་སྲིད་ཇུས་ཤིག་ལག་བསྟར་བྱས་ནས་མང་ཚོགས་ནང་ཁྲིམས་དང་མི་མཐུན་པའི་རྒྱན་འཇོག་པ་དང་ཤོ་རྒྱག་པ་། ཚོགས་པ་བཙུགས་ནས་མང་ཚོགས་ཀྱི་ལག་ནས་དཔལ་འབྱོར་ལེན་པ་སོགས་འཛིན་བཟུང་གིས་རྡུང་རྡེག་གཏོང་རྒྱུ་རེད་འདུག སྲིད་ཇུས་དེ་ལ་ཁ་གཡར་ནས་རྒྱལ་ཁབ་ལ་མི་དགའ་བ་དང་ཡང་ན་དེ་སྔ་བོད་རྒྱའི་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་མྱོང་མཁན་དང་དོགས་པ་ཡོད་ཟེར་མཁན་གྱི་རིགས་ལ་ཡང་སུན་གཙེར་དང་རྟོག་ཞིབ་དོ་ནན་བྱེད་བཞིན་འདུག ཅེས་སོགས་ངོ་སྤྲོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎