གནམ་ཐང་གསར་རྒྱག་རྒྱ་སྐྱེད་འོག་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་འགྲོ་ཉེན་ཡོད་པ་ཉམས་ཞིབ་པས་ངོས་འཛིན།

2021-08-11
Share
གནམ་ཐང་གསར་རྒྱག་རྒྱ་སྐྱེད་འོག་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་འགྲོ་ཉེན་ཡོད་པ་ཉམས་ཞིབ་པས་ངོས་འཛིན། ལྷ་སའི་གོང་དཀར་གནམ་ཐང་དུ།
Chinese State Media

ལྷ་སའི་གོང་དཀར་གནམ་ཐང་རྒྱ་སྐྱེད་དང་མཉམ་འགྲུལ་བཞུད་པ་ས་ཡ་མང་པོ་འོར་འདྲེན་བྱེད་བཞིན་པ་དེས་བོད་ཀྱི་ངོ་བོ་རྩ་བརླག་འགྲོ་ཉེན་ཡོད་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
རྒྱ་ནག་གཞུང་གིས་ལྷ་སའི་གོང་དཀར་གནམ་ཐང་གི་གནམ་གྲུ་ཐང་(T3)་རྒྱ་སྐྱེད་བྱས་ནས་་ཉིན་ཤས་སྔོན་སྒོ་ཕྱེ་ཡོད་པ་དང་། ལྷ་སའི་གོང་དཀར་གནམ་ཐང་བརྒྱུད་ནས་ཕྱི་ལོ་༢༠༢༥་ བར་འགྲུལ་བ་ས་ཡ་དགུ་ལྷག་དང་། དངོས་ཟོག་(tonnes)་ཁྲི་བརྒྱད་ཙམ་འོར་འདྲེན་ཐུབ་ཀྱི་ཡོད་པ་དང་། གནམ་ཐང་དེ་མཚོ་ངོས་ལས་མཐོ་ཚད་ཧྥེ་ཊི་༡༡༧༡༢་ཐོག་ཡོད་པ་འཛམ་གླིང་ནང་གི་གནམ་ཐང་མཐོ་ཤོས་ཤིག་ཡིན་པ་དང་། ལས་འཆར་འདི་བཞིན་༢༠༡༦་ནས་༢༠༢༠་ལོ་ལྔའི་ལས་འཆར་ཞིག་དང་། འགྲོ་གྲོན་ཨ་སྒོར་ས་ཡ་༦༠༣་བཏང་ཡོད་འདུག འདིས་ལྷོ་ཤར་ཨེ་ཤེ་ཡ་དང་དཔལ་འབྱོར་འབྲེལ་མཐུད་བཟང་དུ་གཏོང་ཐབས་དང་རྒྱལ་ནང་ཁྲོམ་རྭ་ཡར་རྒྱས་ཆེད་ཏུ་དམིགས་པ་ཞིག་ཡིན་འདུག དེའི་ཐད་རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་དམག་དཔོན་ཟུར་བ་(PG Kamath)་ལགས་ཀྱིས་གསུང་ན། རྒྱ་ནག་གཞུང་གིས་གནམ་ཐང་རྒྱ་སྐྱེད་ཀྱི་སྒོ་ནས་དྲག་དམག་བསྡུ་རུབདང་། བོད་ཀྱི་གཏེར་ཁ་འོར་འདྲེན། མི་རིགས་མཉམ་བསྲེས་སླད་དམིགས་པ་ཞིག་ཡིན་པ་དང་། བོད་མི་ས་ཡ་དྲུག་ཙམ་ལས་མེད་པའི་བོད་ནང་དུ་ལོ་ཤས་ནང་འགྲུལ་པ་ས་ཡ་དགུ་ཙམ་འོར་འདྲེན་བྱེད་ཐུབ་ཀྱི་ཡོད་ན། བོད་མིའི་རིག་གཞུང་རྩ་མེད་འགྲོ་རྒྱུ་མ་གཏོགས་དར་སྤེལ་ཡོང་རྒྱུའི་རེ་བ་མེད་པ་བརྗོད་ཀྱི་འདུག
རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱབ་ཟིན་པའི་གནམ་ཐང་ཁག་སྟེ། ལྷ་སའི་གོང་དཀར་གནམ་ཐང་དང་། ཉིང་ཁྲིའི་སྨིན་གླིང་གནམ་ཐང་། ཆབ་མདོའི་སྤོམ་མདའ་གནམ་ཐང་། མངའ་རིས་གནམ་ཐང་། གཞིས་ཀ་རྩེའི་ཞི་བདེ་གནམ་ཐང་སོགས་ཡིན་འདུག་པ་དང་། ད་དུང་རྒྱ་ནག་གཞུང་གིས་མུ་མཐུད་དུ་གནམ་ཐང་གསར་རྒྱག་རིགས་བྱེད་མུས་ཡིན་པ་དེ་དག་མང་ཆེ་བ་དམག་དོན་དང་མི་མང་འགྲུལ་བཞུད་བྱེད་རྒྱུ་སོགས་གོ་གཉིས་ཆོད་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ལྷ་སའི་གོང་དཀར་གནམ་ཐང་རྒྱ་སྐྱེད་བྱས་པ་དེས་སྤྱི་ཡོངས་ནས་ཕན་ཐོག་ཡོད་པ་གང་ཞིག་ལ་རྒྱབ་ཏུ་བོད་མི་རིགས་རྩ་བརླག་གཏོང་རྒྱུ་མཚོན་དམག་དོན་འཐབ་བྱུས་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
དམག་དོན་ཉམས་ཞིབ་པ་(PG kamath)་ལགས་ཀྱིས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། གོང་དཀར་གནམ་ཐང་དེ་བརྒྱུད་དངོས་ཟོག་ཏུན་(Tonnes)་ཁྲི་བརྒྱད་ཙམ་འོར་འདྲེན་བྱེད་ཀྱི་ཡོད་པ་དེ་ནི། རྒྱ་ནག་རང་གི་དཔལ་འབྱོར་གྱི་ཁེ་ཕན་ལ་དམིགས་པ་ཞིག་ལས་བོད་མི་ས་ཡ་དྲུག་ལྷག་ཙམ་གྱི་དཔལ་འབྱོར་ཆེད་དུ་དམིགས་པ་མིན་པ། བོད་ནང་སྟངས་འཛིན་བྱེད་བདེ་བའི་ཆེད་དུ་མིན་པ་ཞིག་ཡིན་པ་གསལ་པོ་རེད་རེས་གསུང་གནང་གི་འདུག
ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་གི་ཕྱོགས་ཅིག་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གལ་ཆེན་པོ་ཡིན་པ་བརྗོད་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བོད་ནང་ཡུལ་སྐོར་སྤྲོ་འཁྱམ་པ་འབོར་ཆེན་ཡོང་བདེ་པོ་བཟོ་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་མ་ཚུད་པའི་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་དུ། ཡོན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་གནམ་ཐང་རེ་རེ་ཡོད་པ་མ་ཟད། རྔ་བ་བོད་རིགས་རང་སྐྱོང་ཁུལ་དང་། ཀན་ལྷོ་ཁུལ་བཅས་སུ་གནམ་ཐང་རེ་རེ་དང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་དུ་གནམ་ཐང་མི་འདྲ་བ་གསུམ་དང་། ཟི་ལིང་གྲོང་ཁྱེར་ལ་གནམ་ཐང་གཅིག་བཅས་ཁྱོན་གནམ་ཐང་བཅུ་ཙམ་ཡོད་པ་རེད།

གསར་འགོད་པ། ཨྱོན་བསྟན་འཛིན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།