ལྷ་སར་ཚོང་ཁང་དང་ཟ་ཁང་སོགས་སླར་ཡང་སྒོ་ཕྱེ་བ།

2020-03-28
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༢༠།༣།༢༤
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༢༠།༣།༢༤
བོད་འབྱོར།

བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཟ་ཁང་དང་ཚོང་ཁང་སོགས་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་སྔོན་འགོག་གི་ལས་དོན་ཚགས་ཚུད་བྱུང་བའི་དབང་གིས་ད་བར་བོད་རང་སྐྱོང་ལྗོངས་མངའ་ཁུལ་དུ་ནད་ཡམས་གཅིག་ཀྱང་ཐོན་མེད་པར་བརྟེན། ད་ཆ་བོད་ཀྱི་རྒྱལ་སའི་ནང་ཁྲོམ་རྭ་ཆ་ཚང་སྒོ་ཕྱེ་ཡོད་ནའང་རྒྱ་ནག་ནས་བོད་ལ་ཕྱིར་ལོག་བྱེད་མཁན་རྒྱ་མིའི་ཚོང་པ་དང་ཨར་ལས་མི་སྣ་ཚོར་བོད་པ་ཚོས་འཕྲོད་བསྟེན་ཐོག་ནས་ཡིད་གཟབ་གནང་བཞིན་ཡོད་པ་བོད་ནས་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བྱུང།

དེ་ཡང་བོད་ཀྱི་རྒྱལ་ས་ལྷ་ས་ནས་མཚན་འདོན་གནང་འདོད་མེད་པའི་བོད་མི་དེས་འདི་གར་གནས་ཚུལ་ངོ་སྤྲོད་གནང་ཡག་ལ། བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཏོག་དབྱིབས་ནད་ཡམས་ཧ་ལམ་མེད་པ་ལྟ་བུ་ཞིག་ཆགས་པའི་དབང་གིས་ད་ཆ་ལྷ་སའི་ཁུལ་གྱི་ཚོང་ཁང་དང་ཟ་ཁང་སོགས་ཚང་མ་སྒོ་ཕྱེ་ཡོད་པ་ངོ་སྤྲོད་གནང་བྱུང།

ཡང་ཁོང་གིས་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་འགོས་ཁྱབ་བྱུང་བའི་གནས་ཚུལ་གཅིག་ཀྱང་ཐོན་མེད་པར་བརྟེན་གོང་ཞུས་བོད་ནང་གི་ཟ་ཁང་དང་ཚོང་ཁང་སོགས་སྒོ་ཕྱེ་ཡོད་པ་མ་ཟད། རྒྱ་ནག་ནས་བོད་ནང་ཚོང་གི་ལས་དོན་གཉེར་མཁན་དང་ཨར་ལས་བྱེད་མཁན་སོགས་རིམ་པས་འབྱོར་བཞིན་ཡོད་པ་དེར་བོད་མི་ཚང་མས་གཟབ་ནན་གནང་བཞིན་ཡོད་པ་གསུང་གི་འདུག

ཡང་ཁོང་གིས་བོད་ཁམས་རྟའུ་ཁུལ་དུ་དེ་སྔ་ཏོག་དབྱིབས་ནད་ཡམས་འགོས་པའི་བོད་རིགས་ནད་པ་རྣམས་དྲག་སྐྱེས་ཡག་པོ་བྱུང་བ་ཡང་ངོ་སྤྲོད་གནང་བྱུང། རྩ་བའི་དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཚོང་ཁང་དང་ཟ་ཁང་ལས་གྲྭ་སོགས་སྒོ་ཕྱེ་པ་ལས་དགོན་སྡེ་ཁག་ལ་མཆོད་མཇལ་གཏོང་གི་མེད་སྐོར་ལྷ་ས་ནས་མཚན་གསུང་འདོད་མེད་པའི་བོད་མི་དེས་འགྲེལ་བརྗོད་གནང་གི་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།