རྒྱ་གར་ལྷོ་ཕྱོགས་སུ་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་༣༠་པ།


2015-12-15
Share
རྒྱ་གར་ལྷོ་ཕྱོགས་སུ་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་༣༠་པའི་སྐབས། ༢༠༡༥།༡༢།༡༤ རྒྱ་གར་ལྷོ་ཕྱོགས་སུ་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་༣༠་པའི་སྐབས། ༢༠༡༥།༡༢།༡༤
OHHDL

༧གོང་ས་མཆོག་དབུ་བཞུགས་མངོན་སུམ་དང་རྟོག་པ་བདག་བཅས་ཀྱི་བརྗོད་གཞིའི་ཐོག་ཚན་རིག་པ་དང་ལྷན་བགྲོ་གླེང་གནང་བཞིན་ཡོད་པ།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཁ་ས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་སེ་ར་བླ་སྤྱིའི་ཚོགས་ཁང་དུ་ཏཱ་ལའི་བླ་མ་ཐེབས་རྩའི་མཐུན་འགྱུར་དང་། སེམས་དང་སྲོག་བསྟི་གནས་ཁང་གིས་གོ་བསྒྲིགས་འོག ཕྱི་ཚེས་༡༤ ནས་༡༧བར་ཚོགས་གཏན་འཁེལ་བའི་སེམས་དང་སྲོག་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་མངོན་སུམ་དང་། རྟོག་པ། བདག་བཅས་ཀྱི་བརྗོད་གཞིའི་ཐོག་ཚན་རིག་པ་དང་ལྷན་བཀའ་བསྡུར་གནང་བཞིན་ཡོད་པ་རེད།
༧གོང་ས་མཆོག་གིས་བཀའ་གནང་བར། གཙོ་བོ་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལནྡྲའི་ཆོས་བརྒྱུད་འཛིན་མཁན་ཞིག་གི་ངོས་ནས་བལྟས་པ་ཡིན་ན། རིག་གནས་གསར་པ་འཕྲུལ་ཆས་ལ་སོགས་པའི་ཚན་རིག་གི་རིགས་དེ་དག་ལ་གཏིང་ཟབ་པོས་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུ་ཡོད་པ་ནི་དཔལ་ནཱ་ལེནྡྲའི་ཆོས་པ་ཞིག་ལ་གལ་ཆེན་པོ་ཆགས་ཡོད། དེ་མཚུངས་ཚན་རིག་པ་ཚོར་མཚོན་ན། ད་ལྟ་བར་ཚན་རིག་པ་ཚོས་ཞིབ་འཇུག་བྱེད་ས་གཙོ་བོ་ནི་ཚད་འཇལ་རྒྱུ་ཡོད་པའི་ཕྱིའི་གཟུགས་ཅན་གྱི་རིགས་དེ་དག་ཆགས་ཡོད། ཚན་རིག་པས་ནང་ཤེས་པ་ཟེར་ན་མྱོང་ཚོར་དངོས་སུ་མྱོང་གི་ཡོད་པ་ཞིག་ལ་བརྩིས་པ་མ་གཏོགས་དངོས་སུ་ཕྱི་དངོས་པོའི་གཟུགས་ཅན་རིགས་ལ་དཔྱད་ཚུལ་བཞིན་དེ་སྔོན་ནང་སེམས་ཀྱི་འགྲོ་སྟངས་ཐོག་ཞིབ་འཇུག་བྱས་མེད། དེང་སྐབས་ཚན་རིག་པ་ཚོས་གནའ་རབས་རྒྱ་གར་གྱི་རིག་གཞུང་ངམ་དཔལ་ནཱ་ལནྡྲའི་སྔོན་གྱི་མཁས་པ་དུ་མས་མཛད་པའི་སེམས་ཁམས་རིག་པ་ཞིབ་ཚགས་པོ་ཡོད་པ་དེར་ཡིད་དབང་འཕྲོག་ནས་དོ་སྣང་བྱེད་བཞིན་ཡོད། དེར་བརྟེན་གཉིས་ཀར་ཕན་ཐོགས་ཡོང་གི་ཡོད་པ་གསལ་པོ་རེད།
དེ་བཞིན་མིའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཞིག་ཡིན་པའི་ཆ་ནས་དཀའ་ངལ་སེལ་རྒྱུའི་ཐབས་ཤེས་ཡོད་པ་ཞིག་རེད། དེར་བརྟེན་ང་ཚོ་འདིར་འཚོགས་རྒྱུའི་གཞི་རྩ་དེ་ཡང་དེ་འདྲ་ཞིག་ཆགས་ཡོད་སྟབས་ཚང་མས་དགོངས་འཇགས་གནང་རོགས་གནང་ཞེས་བཀའ་སློབ་གནང་འདུག
ད་ཐེངས་སེམས་དང་སྲོག་གི་ལྷན་ཚོགས་ཐེངས་༣༠བར། སེམས་ཁམས་རིག་པའི་ཚན་རིག་པ་སྐུ་ཞབས་རི་ཆཌ་ཇེ་ཌེ་ཝིཌ་སོན་ Richard.J.Davidsonལགས་དང་། ནུབ་ཕྱོགས་ལྟ་གྲུབ་སྨྲ་བ་སློབ་དཔོན་སྐུ་ཞབས་Jay Garfieldལགས། དེ་བཞིན་གཙུག་ལག་སློབ་གྲྭ་ཁག་གི་ཚན་རིག་དང་། ལུས་ཀྱི་དབང་རྩ་སོགས་ཀྱི་ཆེད་ལས་པ་ཚོས་མཉམ་བཞུགས་གནང་ཡོད་པ་དང་། དེ་དང་ཕྱོགས་མཚུངས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། གླིང་རིན་པོ་ཆེ་མཆོག མཁན་བླ་སྤྲུལ་ཁག་གཅིག དེ་བཞིན་ཨ་རི་དང་ཡུ་རོབ་ནས་ཆེད་བཅར་ཚན་རིག་པ་དང་ཤེས་ལྡན་མི་སྣ། སེ་ར་བྱེས་སྨད་གཉིས་ཀྱི་དགེ་འདུན་པ་ཁག་གཅིག དེ་བཞིན་ཟུར་ཉན་དུ་བོད་རིགས་སེར་སྐྱ་ཕོ་མོ་བཅས་ཁྱོན་མི་གྲངས་ཆིག་སྟོང་ཙམ་གྱིས་མཉམ་ཞུགས་གནང་ཡོད།        

གསར་འགོད་པ་ཕྲེང་རིང་བསྟན་ནོར།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།