༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་གིས་ཝེཏ་ནམ་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་འདུག

2023.11.18
༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་གིས་ཝེཏ་ནམ་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་འདུག ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ཝེཏ་ནམ་ཁུལ་དུ་ཆིབས་སྒྱུར་སྐབས།
༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་གི་ངོ་དེབ།

༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ཉེ་ལམ་ཕྱི་ཟླ་ ༡༡ ཤར་མ་ཐག་ཝེཏ་ནམ་དུ་་ཆིབས་སྒྱུར་མཛད་དེ་ད་བར་ཡུལ་དེའི་ས་ཁུལ་ཆེ་ཁག་གསུམ་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་དང་སྐྱོང་མུས་ཡིན་པ་དང་། ཐོག་མར་རྒྱལ་ཁབ་དེ་ཉིད་ཀྱི་གྲོང་ཁྱེར་Ho Chi Minh དུ་རྟེན་གཞི་བྱས་པའི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་Xa Loi Pagoda དགོན་པའི་གཙུག་ལག་ཁང་དུ་ཆིབས་སྒྱུར་བསྐྱངས་ནས་དད་ལྡན་མི་མང་ཚོར་བཀའ་ཆོས་བསྩལ་འདུག་པ་མ་ཟད། ཝེཏ་ནམ་དབུས་ནང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་བླ་ཆེན་Thich Thien Nhon ལགས་དང་མཇལ་མོལ་གྱིས། ནང་བསྟན་སྤྱི་དང་ལྷག་དོན་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ལ་བཀའ་བསྡུར་བྱུང་ཡོད་སྐོར་རིན་ཆེན་པོ་མཆོག་གི་ཕྱག་མཛོད་བསྟན་འཛིན་མཁྱེན་བརྩེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་ཝེཏ་ནམ་དུ་ཆིབས་སྒྱུར་མཛད་པ་དེ་ནི་ཁོང་གི་སྐུ་ཚེའི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་འདུག་ཅིང་། ཕྱི་ཟླ་ ༡༡ ཚེས་༣ ནས་ ༨ བར་ཝེཏ་ནམ་ནང་པའི་མཐོ་སློབ་ཏུ་ཡུལ་དེའི་བླ་ཆེན་ཁག་དང་ཕན་ཚུལ་མཇལ་འཕྲད་དང་གཙུག་ལག་ཁང་དང་དཔེ་མཛོད་ཁང་། དེ་བཞིན་མཐོ་སློབ་ཀྱི་དགེ་འདུན་པ་དང་བཙུན་མ་བཅས་ལ་བཀའ་ཆོས་བསྩལ་འདུག་པ་དང་། ཕྱི་ཟླ་ ༡༡ ཚེས་ ༩ ནས་ ༡༡ བར་ཝེཏ་ནམ་གྲོང་ཁྱེར་Dalat དུ་གདན་ཞུས་ལྟར། རིན་པོ་ཆེ་མཆོག་གིས་ས་གནས་དེའི་དགོན་པ་ཁག་དང་། དད་ལྡན་སེར་སྐྱ་ཕོ་མོ་རྣམས་ལ་བཀའ་དབང་དང་བཀའ་ཆོས་བསྩལ་འདུག་པ་དང་། ཡང་ཕྱི་ཟླ་ ༡༡ ཚེས་ ༡༢ ནས་ཚེས་ ༡༣ བར་ཝེཏ་ནམ་གྲོང་ཁྱེར་Hanoi དུ་ཆིབས་སྒྱུར་གྱིས། ཁུལ་དེར་ཆགས་པའི་Phuc དགོན་པར་གནས་གཟིགས་དང་སེར་སྐྱ་ཕོ་མོ་རྣམས་ལ་བཀའ་ཆོས་བསྩལ་འདུག

༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་མཆོག་གི་ངོ་དེབ་དྲ་ལམ་ཐོག་ཁོང་གི་ཝེཏ་ནམ་ཁུལ་གྱི་མཛད་འཕྲིན་དང་འབྲེལ་བའི་སྐོར་པར་རིས་དང་བརྙན་ཐུང་སོགས་འགྲེམས་སྤེལ་གནང་བའི་ནང་། ཝེཏ་ནམ་དད་ལྡན་སེར་སྐྱ་ཕོ་མོ་བརྒྱ་ཕྲག་མང་པོས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག

གཞན་ཡང་རིན་པོ་ཆེ་མཆོག་གི་ཝེཏ་ནམ་ཁུལ་གྱི་མཛད་འཆར་དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་ཡོངས་སུ་མཇུག་སྒྲིལ་གནང་གི་ཡོད་འདུག དེ་སྔིན་ཕྱི་ཟླ་ ༧ པ་ནས་ ༩ པའི་བར་སིངྒ་པརུ་དང་ཨུ་རུ་སུ། དེ་བཞིན་སོག་པོ་བཅས་ཀྱི་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཀྱི་འཛིན་སྐྱོང་འགན་འཛིན་ལ་མཇལ་ཁ་སྩལ་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎