ལི་ཝར་པུལ་རྐང་རྩེད་སྤོ་ལོ་ཚོགས་པས་རྒྱ་ནག་མཉམ་ཚོང་འབྲེལ་ཕྱིར་འཐེན།

དབྱིན་ཇིའི་ལི་ཝར་པུལ་རྐང་རྩེད་སྤོ་ལོ་ཚོགས་པས་བོད་ཀྱི་འཐུང་ཆུ་ཚོང་བསྒྱུར་བྱེད་མཁན་རྒྱ་ནག་གི་ཁེ་གཉེར་ལས་ཁང་དང་ཚོང་ལས་བྱ་རྒྱུ་ཕྱིར་འཐེན་བྱས་འདུག

ལི་ཝར་པུལ་རྐང་རྩེད་སྤོ་ལོ་ཚོགས་པས་རྒྱ་ནག་མཉམ་ཚོང་འབྲེལ་ཕྱིར་འཐེན།

༄༅། །དབྱིན་ཇིའི་ལི་ཝར་པུལ་རྐང་རྩེད་སྤོ་ལོ་ཚོགས་པས་བོད་ཀྱི་འཐུང་ཆུ་ཚོང་བསྒྱུར་བྱེད་མཁན་རྒྱ་ནག་གི་ཁེ་གཉེར་ལས་ཁང་དང་ཚོང་ལས་བྱ་རྒྱུ་ཕྱིར་འཐེན་བྱས་འདུག
༢༠༡༧ལོ་ནས་དབྱིན་ཡུལ་གྱི་རྐང་རྩེད་སྤོ་ལོའི་ཚོགས་པ་ལི་ཝར་པུལ་དང་རྒྱ་ནག་གི་བོད་ཀྱི་འཐུང་ཆུ་ཚོང་བསྒྱུར་བྱེད་མཁན་རྒྱ་ནག་གི་ཁེ་གཉེར་ལས་ཁང་མཉམ་ཚོང་འབྲེལ་གྱི་གན་རྒྱ་བཞག་པའི་གནས་ཚུལ་བྱུང་བར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ངོ་རྒོལ་དང་སྐྱོན་བརྗོད་བསྟུད་མར་བྱས་པ་དང་ཆབས་ཅིག་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བའི་གྲུབ་འབྲས་སུ།  ཟླ་འདིའི་ཚེས ༧ ཉིན་ལི་ཝར་པུལ་རྐང་རྩེད་སྤོ་ལོ་ཚོགས་པས་རྒྱ་ནག་མཉམ་ཚོང་འབྲེལ་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་འདུག
དབྱིན་ཇི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པའི་སྣེ་ཁྲིད་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་དྲྭ་རྒྱ་བརྒྱུད་SumofUs དང་ཟུང་འབྲེལ་གྱིས་ཚོང་འབྲེལ་དེ་འགོག་ཐབས་སུ་ལས་འགུལ་སྣ་ཆོགས་སྤེལ་ནས་ས་རྟགས་ཁྲི་བརྒྱད་དང་དྲུག་སྟོང་ལྷག་བསྡུ་ཐུབ་ཡོད་པ་མ་ཟད། ལི་ཝར་པུལ་ཚོགས་པའི་སྦྱིན་བདག་ལ་གློག་འཕྲིན་གཏོང་མཁན་བཞི་སྟོང་ཙམ་གྱིས་ཚོང་འབྲེལ་དེ་ཕྱིར་འཐེན་བྱ་རྒྱུར་རེ་སྐུལ་གནང་ཡོད་པ་རེད།
དྲག་གནོན་འོག་ཡོད་པའི་བོད་ཀྱི་འཐུང་ཆུ་ཚོང་བསྒྱུར་བྱས་པ་དེ་ནི་བོད་ནང་གི་རང་བྱུང་ཐོན་ཁོངས་རྒྱ་ནག་ཁེ་གཉེར་ལས་ཁང་གིས་བཙན་འཕྲོག་བྱས་པར་ངན་གྲོགས་བྱས་པ་ཞིག་ལ་ངོས་འཛིན་གྱིས་ལི་ཝར་པུལ་རྐང་རྩེད་སྤོ་ལོ་ཚོགས་པས་ཁེ་གཉེར་ལས་ཁང་དེ་དང་ཚོང་འབྲེལ་ཕྱིར་འཐེན་བྱ་རྒྱུར་འབོད་སྐུལ་བྱས་ཡོད་པ་རེད།
གོང་ཞུས་གནས་ཚུལ་འདི་བོད་རང་དབང་ཚོགས་པའི་དྲྭ་རྒྱར་བཀོད་ནས་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེར་རྒྱབ་སྐྱོར་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་ཆབས་ཅིག་དེ་ནི་ཚང་མས་འབད་བརྩོན་གནང་བའི་གྲུབ་འབྲས་དང་རྒྱལ་ཁ་ཡིན་ཞེས་བཀོད་འདུག།
གསར་འགོད་པ་སྟག་ལྷ་རྒྱལ་དང་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།