སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་མ་ཟད་སྡིག་ར་བཏང་།

2014-12-15
གློག་འཕྲིན།
མཆན།
Share
པར་བཀོད།
ནང་སོག་གི་སྲིད་དོན་བཙོན་པ་ཧ་རྡ་དང་ཁོང་གི་བུ། ཆུང་མ།
ནང་སོག་གི་སྲིད་དོན་བཙོན་པ་ཧ་རྡ་དང་ཁོང་གི་བུ། ཆུང་མ།
AFP

ནང་སོག་གི་ཆབ་སྲིད་བཙོན་ཟུར་ནས་རྒྱ་ནག་གིས་ཁོང་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་མ་ཟད་སྡིག་ར་བཏང་སྐོར་གསུངས་འདུག
དེ་ཡང་རྒྱ་ནག་གི་བཙོན་ཁང་ནང་བཙོན་འཇུག་དུས་ཡུན་རིང་ཤོས་མྱོང་མཁན་སོག་པའི་རང་དབང་དོན་གཉེར་བ་ཧ་ད་ལགས་ནས་ཁོང་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བ་མ་ཟད། སྡིག་ར་བཏང་སྐོར་དེ་རིང་བརྙན་འཕྲིན་ཞིག་འདོན་སྤེལ་གནང་བའི་ནང་གསུངས་འདུག ཨ་མེ་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་གི་ལྟེ་གནས་ཁང་གིས་དེ་རིང་གཟའ་ཟླ་བའི་ཉིན་བརྙན་འཕྲིན་ཞིག་འདོན་སྤེལ་གནང་བའི་ནང་། ནང་སོག་གི་ཆབ་སྲིད་བཙོན་ཟུར་ཧ་ད་ལགས་ནས་རྒྱ་ནག་གཞུང་གིས་འདས་པའི་ལོ་༡༩་རིང་ཁོང་ལ་བཙན་ཤེད་བཏང་སྟེ་ཁོང་གི་དད་གུས་ཡིད་ཆེས་དོར་བཅུགས་རྒྱུའི་དོན་དུ་ལྟ་སྐུལ་ངན་པ་བྱས་པ་དང་། གདུག་རྩུབ་ཆེན་པོའི་སྒོ་ནས་སྡུག་སྦྱོང་མནར་གཅོད་བཏང་བའི་རྐྱེན་གྱིས་ཁོང་དབང་པོ་སྐྱོན་ཅན་དུ་གྱུར་བ་སྤྱི་དང་། ལྷག་དོན་དུ་ཁོང་གི་སྐུ་ཟླ་དང་བུ་གཉིས་ལ་ནག་ཉེས་རྫུན་པ་བཙུགས་ནས་ཉེས་ཆད་ཚ་ནན་དང་སྡུག་སྦྱོང་ཚབས་ཆེ་མྱང་དགོས་བྱུང་སྐོར་གོང་ཞུས་བརྙན་པར་བརྒྱུད་གསུངས་འདུག་ལ་ད་དུང་ཁོང་གིས་དྲག་གནོན་འོག་ཚུད་པའི་སོག་པོའི་མི་རིགས་ཆེད་དུ་འཐབ་རྩོད་མུ་མཐུད་ནས་གནང་རྒྱུ་ཡིན་ལུགས་ཀྱང་གསུངས་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཧ་ད་ལགས་ནི་ཆབ་སྲིད་ཀྱི་བཙོན་པ་ཞིག་ཡིན་པས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སྐོར་ལ་སེམས་འཚབ་ཡོད་པའི་བསམ་ཚུལ་བཏོན་པ་བཞིན་ཨ་མེ་རི་ཀ་དང་ཡོ་རོབ་མཐུན་ཚོགས་ནས་ཀྱང་བཏོན་འདུག
འདས་པའི་ལོ་བཞིའི་རིང་རྒྱ་མིའི་བཙོན་ཁང་ནག་པོ་ཞེས་པའི་ནང་བཙོན་འཇུག་བྱས་པ་ཐེ་བའི་འདས་པའི་ལོ་བཅུ་ཕྲག་གཉིས་ལྷག་ཙམ་རིང་སོག་པོའི་རང་དབང་དོན་གཉེར་བ་ཧ་ད་ལགས་རྒྱ་མིའི་བཙོན་ཁང་ནང་བཙོན་འཇུག་བྱས་པའི་རྗེས་སུ་གཟའ་འཁོར་སྔོན་མའི་ནང་གློད་བཀྲོལ་བཏང་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ཐོག་དྲག་གནོན་ཆེ་བའི་སྲིད་ཇུས་འཛིན་བཞིན་པ་ལྟར་ནང་སོག་དང་ཤིང་ཅང་ཞེས་འབོད་པའི་ཤར་ཏུར་ཀིས་ཐན་ཐོག་དོ་དམ་ནན་པོ་བྱེད་མུས་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

2014-12-09 རྒྱ་ནག་གཞུང་གིས་རྒྱ་ནག་ནང་བཙོན་དུས་རིང་ཤོས་སྡོད་མཁན་གྱི་སྲིད་དོན་བཙོན་པ་ཞིག་གློད་གྲོལ་བཏང་ཡོད་པ་བཙོན་པ་དེའི་ནང་མིས་བརྗོད་འདུག
དེ་ཡང་གློད་གྲོལ་བཏང་པའི་བཙོན་པ་དེ་ནི་རྒྱ་ནག་གི་དབང་འོག་ཡོད་པ་ནང་སོག་གི་སྲིད་དོན་བཙོན་པ་ཧ་རྡ་ཞུ་བ་དེ་ཡིན་ཞིང་། འདས་པའི་ལོ་ངོ་ཉི་ཤུའི་རིང་གི་མི་ཚེ་མང་ཆེ་བ་བཙོན་ཁང་ནས་བསྐྱལ་དགོས་བྱུང་ཡོད་པ་རེད། ཁོང་གི་ཞང་པོ་Haschuluས་རོཡེ་ཀྲརིསི་གསར་ལས་ཁང་ལ་བརྗོད་པར་གཞིགས་ན། ཧ་རྡ་དེ་རིང་གཟའ་མིག་དམར་གྱི་སྔ་དྲོ་ནང་སོག་གི་རྒྱལ་ས་ཧོ་ཧོཏ་ནས་གློད་གྲོལ་བྱུང་འདུག་ཅིང་། ཁོ་པའི་གཟུགས་གཞིའི་གནས་སྟངས་ཡག་པོ་མེད་པ་རེད་འདུག རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིསི་ཐན་ནང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་ལྟར་མི་འབོར་ཉུང་ངུ་ལས་མེད་པའི་ནང་སོག་ཐོག་ལ་ཡང་དྲག་གནོན་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་ ༡༩༩༦ ལོར་ཧ་རྡའི་ལ་རྒྱལ་ཁབ་ཁ་བྲལ་དང་སོ་ཉུལ། དེ་བཞིན་སོག་ཡུལ་ལྷོ་ཕྱོགས་མང་གཙོའི་མཐུན་སྒྲིལ་ཚོགས་པ་ཟེར་བར་རྒྱབ་སྐྱོར་བྱས་པའི་ཉེས་པ་བཙུགས་ཏེ་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་ཁོང་གི་ཐོག་ཉེས་མེད་ཉེས་བཙུགས་བྱས་པ་ཞིག་ཡིན་པ་ཁོང་གིས་འགྲེལ་བརྗོད་གནང་ཡོད་པ་རེད། ཁོང་ཕྱི་ལོ་ ༢༠༡༠ ལོར་གློད་གྲོལ་བཏང་ཡོད་ན་ཡང་སླར་ཡང་ལོ་བཞིའི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་ཉེས་ཆད་གྲུབ་དགོས་པ་བྱུང་སྟེ། སོག་ཡུལ་བྱང་ཕྱོགས་ཀྱི་བཙོན་ཁང་ཞིག་ནང་ཁྲིམས་འགལ་གྱི་ཐོག་ནས་བཀག་ཉར་བྱས་ཡོད་པ་ཁོང་གི་ནང་མིས་འགྲེལ་བརྗོད་བྱས་འདུག རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་གཞིར་བཟུང་ལྟར་ན། ནང་སོག་ནང་མི་འབོར་ས་ཡ་༢༤ ཡོད་པ་དེའི་ཁོངས་ནས་སོག་རིགས་ཀྱི་གྲངས་འབོར་ས་ཡ་ལྔ་མ་ཟིན་ཙམ་མེད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།