རྒྱ་གར་གྱི་སྲིད་བློན་མོ་དྷི་སྟོན་པ་འཁྲུངས་ཡུལ་གནས་མཆོག་ལུམ་བི་ཚལ་དུ་ཕེབས་རྒྱུ་རེད།

2022-05-13
Share
རྒྱ་གར་གྱི་སྲིད་བློན་མོ་དྷི་སྟོན་པ་འཁྲུངས་ཡུལ་གནས་མཆོག་ལུམ་བི་ཚལ་དུ་ཕེབས་རྒྱུ་རེད། བལ་ཡུལ་གྱི་སྲིད་བློན་(Sher Bahadur Dueba)་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་(Modi)་གཉིས། ༠༨།༢༤།༢༠༡༧
AP

དེ་ཡང་བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་དང་རྒྱ་གར་ཕྱི་སྲིད་ལས་ཁུངས་གཉིས་ཀྱིས་སྤེལ་བའི་གསར་འགོད་བསྒྲགས་ནང་། བལ་ཡུལ་གྱི་སྲིད་བློན་(Sher Bahadur Dueba)་ཡིས་མགྲོན་འབོད་གནང་པ་ལྟར། ཟླ་བ་འདིའི་ཚེས་༡༦སྟེ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པའི་དུས་ཚེས་ཉིན། རྒྱ་གར་གྱི་སྲིད་བློན་མོ་དྷི་(Modi)་བལ་ཡུལ་གྱི་གནས་མཆོག་སྟོན་པའི་འཁྲུངས་ཡུལ་ལུམ་བི་ནིར་འཚམས་གཟིགས་སུ་ཕེབས་ནས། སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པའི་དུས་ཆེན་གྱི་མཛད་སྒོར་མཉམ་ཞུགས་དང་མང་ཚོགས་ལ་གཏམ་བཤད་གནང་རྒྱུ་ཡིན་པ་གསལ་འདུག་ལ། དེ་ནི་རྒྱ་གར་གྱི་སྲིད་བློན་ཞིག་ནང་བའི་གནས་མཆོག་སྟོན་པ་འཁྲུངས་ཡུལ་གནས་མཆོག་ལུམ་བི་ཚལ་དུ་ཕེབས་པ་ཐོག་མ་ཆགས་ཀྱི་ཡོད་འདུག
བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་བཟང་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་ན། དེ་སྔ་བལ་ཡུལ་གཞུང་གིས་རྒྱ་གར་གྱི་སྲིད་བློན་མཆོག་གནས་མཆོག་ལུམ་བི་ནི་རུ་འཚམས་གཟིགས་ཀྱི་མགྲོན་འབོད་ཐེངས་མང་ཞུས་ཡོད་ཀྱང་དགོངས་བཞེས་གནང་མེད་པ་དང་། ད་ཆ་སྲིད་བློན་མོ་དྷི་ཕེབས་གཏན་འཁེལ་བ་ནི་བལ་ཡུལ་གྱི་ངོས་ནས་སྟོན་པ་བཅོམ་ལྡན་འདས་བལ་ཡུལ་ནང་སྐུ་བལྟམས་པའི་ལོ་རྒྱུས་དེ་རྒྱ་གར་ཕྱོགས་ནས་ངོས་ལེན་གནང་བ་ལྟ་བུའི་རྒྱལ་ཁ་དང་། གཞན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་མདུན་བསྐྱོད་ལ་གནད་འགག་ཆགས་ཡོད་པ་དང་། དུས་མཚུངས་ཨ་མི་རི་ཀས་བལ་ཡུལ་ལ་རིམ་པས་ལོ་ལྔའི་ནང་ཨ་སྒོར་ས་ཡ་༦༧༩ཡི་རོགས་དངུལ་གནང་རྒྱུ་གཏན་འབེབས་བྱས་ནས་ལས་གཞི་ཁག་འགོ་བཙུགས་ཟིན་པ་སོགས་ལས། བལ་ཡུལ་ནང་བུ་ལོན་རང་བཞིན་རྒྱ་གན་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་སྤེལ་མི་ཐུབ་པ་དང་། བལ་ཡུལ་གཞུང་ལ་རྒྱ་ནག་གི་ཤུགས་རྐྱེན་དང་གནོན་ཤུགས་སྤྲོད་བཞིན་པ་ཕྲན་བུའི་ཉམས་ཉེས་སུ་འགྲོ་བའི་རྟགས་མཚན་ཞིག་ཡིན་པ་དཔྱད་པ་གནང་བྱུང་།
གཞན་གོང་གི་གནས་ཚུལ་ནང་། སྲིད་བློན་མོ་དྷི་ཡིས་གནས་ཆོག་ལུམ་བི་ནི་རུ་འཚམས་གཟིགས་སྐབས་རྒྱ་གར་གྱི་སྲིད་བློན་མཆོག་ནས་ཁུལ་དེའི་ནང་ཡོད་པའི་(Mayadevi)་ཞེས་པའི་ཧིན་རྡུའི་ལྷན་ཁང་ལ་གནས་གཟིགས་དང་། དེ་བཞིན་ལུམ་བི་ནི་རུ་ནང་པའི་རིགས་གཞུང་གནའ་ཤུལ་ལྟེ་གནས་ཁང་གསར་རྒྱག་དབུ་འབྱེད་ཀྱི་མཛད་སྐོར་ཕེབས་རྒྱུ་ཡིན་འདུག
ཐེངས་འདིའི་འཚམས་གཟིགས་དེ་ནི་སྲིད་བློན་མོ་དྷི་མཆོག་དེ་སྔ་༢༠༡༤ལོར་སྲིད་བློན་དུ་འོས་འདེམས་བྱུང་བ་དང་། དེ་རྗེས་༢༠༡༩ལོར་བསྐྱར་དུ་འོས་འདེམས་བྱུང་བ་ནས་བཟུང་བལ་ཡུལ་ནང་འཚམས་གཟིགས་གནང་པ་ཐེངས་ལྔ་པ་དེ་ཆགས་ཀྱི་ཡོད་འདུག ད་རེས་གནས་མཆོག་ལུམ་བི་ནི་རུ་ཕེབས་ཞོར་རྒྱལ་ཁབ་གཉིས་ཀྱི་སྲིད་བློན་རྣམ་གཉིས་བར་གྲོས་མོལ་མཇལ་འཕྲད་གནང་རྒྱུ་ཡིན་ཞིང་། མཇལ་འཕྲད་དེ་བརྒྱུད་རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་བ་དང་ ཕྱོགས་གཉིས་བར་ལོ་རྒྱུས་ཀྱི་ཐོག་ནས་ཆོས་དང་རིག་གཞུང་སྤྱི་ཚོགས་སོགས་གང་གི་ཐད་ནས་འབྲེལ་བ་གཏིང་ཟབ་ཡོད་པ་དེ་ད་དུང་གོང་འཕེལ་དུ་གཏོང་རྒྱུ་ཡིན་ལུགས་ཕྱི་སྲིད་ལས་ཁུངས་ཀྱིས་སྤྱི་བསྒྲགས་ནང་གསལ་འདུག
གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་གནས་མཆོག་ལུམ་བི་ནི་རུ་མ་རྩ་འཛུགས་པ་སོགས་བརྒྱུད་བལ་ཡུལ་ལ་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད་པས། ད་རེས་རྒྱ་གར་གྱི་སྲིད་བློན་གྱི་གཟིགས་སྐོར་དེས་རྒྱ་ནག་ལ་ཡང་གདོང་ལེན་ཞིག་ཡིན་པ་བརྗོད་ཀྱི་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།