ཀླུ་ཆུར་ས་ཆ་བཙན་འཕྲོག་བྱེད་པ་ལས་ང་ཚོ་གསོད་རོགས་ཞེས་ངོ་རྒོལ།

2015-06-03
གློག་འཕྲིན།
མཆན།
Share
པར་བཀོད།
ཀླུ་ཆུར་ས་ཆ་བཙན་འཕྲོག་བྱེད་རྩིས་ལ་ངོ་རྒོལ་སྐབས། ༢༠༡༥།༦།༢
ཀླུ་ཆུར་ས་ཆ་བཙན་འཕྲོག་བྱེད་རྩིས་ལ་ངོ་རྒོལ་སྐབས། ༢༠༡༥།༦།༢
བོད་འབྱོར།

ཀླུ་ཆུ་རྫོང་གི་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་མིའི་ས་ཆ་བཙན་འཕྲོག་བྱེད་རྩིས་ལ་ངོ་རྒོལ་བྱས་པར་བོད་མི་མི་ཉུང་བ་འཇུ་བཟུང་བྱས་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༥ལོའི་ཟླ་༦པའི་ཚེས་༢ཉིན། མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་ས་ཁུལ་བདག་སྐྱོང་ཚན་པའི་མི་སྣ་དང་བཅས་པ་ས་སྔོག་འཕྲུལ་ཆས་འདྲ་མིན་ཞིག་བཏང་ཡོང་སྟེ་རྫོང་གི་ཤར་ལྷོའི་མཐའི་ས་གནས་སུ་འབྱོར་རྗེས་ས་ཆ་དེ་དག་ནི་རྒྱལ་ཁབ་ཀྱི་ས་ཆ་ཡིན་པས། གྲོང་ཁྱེར་འཛུགས་བསྐྲུན་ཆེད་གཞུང་ལམ་བཟོ་རྩིས་བྱས་པར་ས་གནས་བོད་མི་ཚོས་རང་ས་རང་གིས་སྲུང་གི་ཡིན། ས་ཆ་བཙན་འཕྲོག་བྱེད་པ་ལས་ང་ཚོ་གསོད་ཤོག་ཅེས་སྐད་འབོད་དང་། གཞུང་ལམ་གཏོད་མཁན་ཚོ་འགོག་ཐབས་ཀྱི་ངོ་རྒོལ་བྱས་ཡོད་པ་དང་། དེ་མ་ཐག་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་སྤྱི་བདེ་མི་སྣ་དང་། དྲག་ཆས་ཉེན་རྟོག་པ་བཅས་མི་གྲངས་བརྒྱ་ཕྲག་བརྒལ་བ་གློ་བུར་འབྱོར་ནས་བོད་མི་ཚོ་བཙན་ཤེད་ཀྱིས་ཁ་གཏོར་བཏང་བ་དང་མཉམ་ཉུང་མཐར་བོད་མི་མི་གྲངས་༡༠ཙམ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་རེད་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། གོང་གི་ས་ཆ་དེ་ནི་ཀླུ་ཆུ་རྫོང་ཆགས་སའི་ཤར་ལྷོའི་མཚམས་སུ་ཡོད་པ་དང་། སྔ་ལོ་ནས་ས་དེར་ཀླུ་ཆུའི་སྐོར་བྲོ་འགྲན་བསྡུར་སྤེལ་སའི་ཐང་ཆེན་ཞིག་ལ་གྱུར་བ་རེད། སྤྱིར་བཏང་ས་ཆ་དེ་ནི་སྔོན་མ་ནས་ཀླུ་ཆུ་རྫོང་ཁོངས་ཀྱི་ཨ་ལ་ཚོ་བའི་ས་ཡིན་ལ། སྔ་མོ་ནས་སྲིད་གཞུང་གིས་གཞུང་ལེན་བྱེད་རྩིས་བྱས་པ་དང་། སྐབས་དེ་དག་ལ་ས་གནས་མང་ཚོགས་ཀྱི་འདོད་པ་དང་བསྟུན་ནས་གཞུང་བསྒྱུར་བྱས་ན་མ་གཏོགས་ངོས་ལེན་མེད་པའི་རེ་སྐུལ་འོག་ད་བར་ལྷག་པ་ཡིན་ཚུལ་བརྗོད་ཡོད། ཡང་ས་གནས་བོད་མི་གཞན་ཞིག་གིས་བརྗོད་དོན། རྒྱལ་ཁབ་ཀྱིས་བོད་མི་འབྲོག་པ་ཚོར་ཕྱུགས་ཟོག་ཚོང་དུ་བཅུག་ནས་དེང་རབས་གྲོང་ཁྱེར་ཅན་ལ་བསྒྱུར་ཐབས་བྱེད་པ་དང་། གྲོང་ཁྱེར་ནས་འདི་ལྟར་ས་ཁང་བཙན་འཕྲོག་བྱས་པ་ནི། ས་གནས་བོད་མིའི་འཚོ་ཐབས་ལ་དཀའ་ངལ་ཆེ་ཤོས་ཡིན་པ་ངོ་སྤྲོད་གནང་སོང་།
དེ་སྔོན་སྤྱི་ལོ་༢༠༡༣ལོའི་ཟླ་༥ཚེས་༡༢ཉིན། རྒྱ་ནག་གི་སྤྱི་བདེ་ལས་ཁུངས་དང་། དྲག་ཆས་ཉེན་རྟོག་པ་མང་པོས་ཀན་ལྷོ་ཀླུ་ཆུ་རྫོང་མཐའི་ས་གནས་བོད་མིས་ཉོས་པའི་ས་ཆ་བཙན་འཕྲོག་དང་། དེར་ངོ་རྒོལ་བྱེད་མཁན་བོད་མི་ཚོར་གཅར་རྡུང་གིས་ཉུང་མཐར་ཡང་བོད་མི་༡༥འཛིན་བཟུང་གིས་དུས་ཡུན་འདྲ་མིན་ལ་བཀག་ཉར་བྱས་རྗེས། ས་ཆ་དེར་ཀླུ་ཆུ་རྫོང་ས་ཁུལ་བདག་སྐྱོང་འགོ་ཁྲིད་ཚོགས་ཆུང་ཞེས་བས་མི་མང་སྲིད་གཞུང་གི་ཡིག་ཆ་དང་མཉམ་ས་ཆ་དེ་ཕྱིར་བསྡུ་གཞུང་བཞེས་བཏང་བ་ཡིན་པའི་བརྡ་ཁྱབ་བཙན་གྱིས་སྦྱར་ནས་ད་དུང་ཡང་ས་གནས་བོད་མིའི་འདོད་པ་ལྟར་གྱི་ཐག་གཅོད་གང་ཡང་བྱས་མེད་པ་རེད

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།