ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་མཛད་རིམ་ཐོག་མ་རྒྱ་གར་སོགས་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ་(Marco Rubio)ཡིས་ཕྱི་ཟླ་ ༡ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་ཁོང་གིས་ལས་འཁུར་དམ་བཅའ་བཞག་པའི་ཉིན་དང་པོར་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་ (QUAD) ཞེས་མཐུན་ཕྱོགས་རྒྱལ་ཁབ་སྟེ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཡེ་ཤང་ཀར་ (S Jaishankar) ལགས་དང་། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཏ་ཀེ་ཤི་ ཨི་ཝ་ཡ་ (Takeshi Iwaya) ལགས། ཨོསི་ཊརེ་ལི་ཡ་(Australia)་ཕྱི་སྲིད་བློན་ཆེན་པེ་ནི་ཝོང་ (Penny Wong) ལགས་བཅས་དང་ལྷན་དུ་ཡུལ་གྲུ་བཞིའི་བདེ་འཇགས་ཐད་གྲོས་མོལ་ཚོགས་འདུ་གནང་ཡོད་པ་དང་། ཡུལ་གྲུ་བཞི་བོ་མཉམ་འབྲེལ་ཐོག་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མངའ་ཁུལ་གྱི་དཔལ་འབྱོར་གོ་སྐབས་དང་བདེ་འཇགས་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནན་གསུངས་གནང་ཡོད་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གི་ (X) སྤྱི་ཚོགས་དྲྭ་རྒྱའི་སྟེང་བཀོད་འདུག
དེའི་སྔོན་རྒྱལ་ཁབ་བཞིའི་བདེ་འཇགས་གྲོས་མོལ་ཐད་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རང་དབང་སྒོ་འབྱེད་ཀྱི་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཡར་རྒྱས་ཤུགས་སྣོན་རྒྱག་རྒྱུ་བསྐྱར་གསུང་གིས་ཡུལ་གྲུ་ཐུན་མོང་གིས་ཁས་ལེན་གནང་སྟེ། མངའ་ཁུལ་དེའི་བདག་དབང་ཆ་ཚང་སྲུང་སྐྱོབ་ཐད་ཁག་ཐེག་གནང་རྒྱུ་ཡིན་པ་བརྗོད་འདུག་ལ། དེ་མིན་ད་དུང་དྲག་ཤུགས་དང་བཙན་སྐུལ་གང་རུང་ལམ་ནས་ད་ལྟའི་གནས་སྟངས་ལ་ཕྱོགས་གཅིག་གིས་འགྱུར་བ་གཏོང་བར་ངོ་རྒོལ་མཐའ་གཅིག་ཡོད་པ་གསལ་འདེབས་བྱས་འདུག
དེ་བཞིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་། ང་ཚོ་སྟེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཨོསི་ཊརེ་ལི་ཡ། རྒྱ་གར། ཉི་ཧོང་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཝ་ཤིན་ཀྲོན་དུ་འཛོམས་ནས། ང་ཚོས་རང་དབང་སྒོ་འབྱེད་ཀྱི་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ཡར་རྒྱས་ཐད་ཤུགས་སྣོན་རྒྱག་རྒྱུ་ཐུན་མོང་གིས་ཁས་ལེན་བསྐྱར་ནན་གནང་བ་དང་མཉམ། དེ་ནི་ཁྲིམས་སྐྱོང་དང་དམངས་གཙོའི་ལྟ་གྲུབ། བདག་དབང་ཆ་ཚང་སྲུང་སྐྱོབ་དང་ཁག་ཐེག་བྱས་བ་ཡིན་ཞེས་བཀོད་འདུག
དེ་མིན་ཡུལ་གྲུ་བཞིའི་བདེ་འཇགས་གྲོས་མོལ་ནང་། ཉིན་རེ་བཞིན་འཇིགས་ཉེན་ཇེ་ཆེར་འགྲོ་བར་གདོང་ལེན་ཆེད་དུ་མངའ་ཁུལ་གྱི་མཚོ་ཐོག་སྐྱེལ་འདྲེན་དང་དཔལ་འབྱོར་ཚན་རྩལ་བདེ་འཇགས་ཐད་ཤུགས་སྣོན་རྒྱབ་ཏེ་ཡིད་ཆེས་འཕེར་བ་དང་བརྟན་ཚུགས་རང་བཞིན་ལྡན་པའི་མཁོ་སྤྲོད་འཁོར་རྒྱུན་གོང་འཕེལ་གཏོང་རྒྱུའི་ཐད་ཁས་ལེན་བྱས་ཡོད་པ་རེད།

ཕྱི་ཟླ་ ༡ ཚེས་ ༢༡ ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེས་ཇཡེ་ཤང་ཀར་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་དང་། དེ་ནི་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གསར་པས་ཐུགས་འགན་བཞེས་མ་ཐག་འཛམ་གླིང་གི་དཔོན་རིགས་མཐོ་གྲས་དང་མཇལ་འཕྲད་ཆེས་ཐོག་མ་གནང་བ་ཡིན་པར། དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གསར་པས་ཉིན་དང་པོར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་བ་ནི། (QUAD) ཞེས་མཐུན་ཕྱོགས་ཡུལ་གྲུ་བཞིའི་ནང་རྒྱ་གར་ཡོད་པ་གལ་ཆེན་དུ་ངོས་འཛིན་གནང་པ་བསྟན་པ་དང་། ཕྱོགས་གཞན་ནས་རྒྱ་གར་གཞུང་གིས་ཨ་རིའི་གཞུང་འཛིན་གསར་པ་དེ་བཞིན་གནད་འགག་ཆེན་པོར་བརྩི་བཞིན་པའི་མཚོན་རྟགས་ཞིག་ལ་བརྩིས་ན་མ་འགྲིག་པ་མེད་པ་གསུངས་བྱུང་།
གཞན་རྒྱ་གར་གྱི་ཆབ་སྲིད་ཐད་ཐུགས་སྣང་ཆེན་པོ་ཡོད་མཁན་རྩོམ་པ་པོ་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གཉིས་ཨ་རིར་མཇལ་འཕྲད་གནང་བ་ནི་ཨ་རིའི་ངོས་ནས་རྒྱ་གར་དང་མཉམ་འབྲེལ་བ་ཆེ་རུ་གཏོང་གནང་རྒྱུའི་ཐུགས་འདོད་ཡོད་པ་གསལ་པོ་རེད་ལ། དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་སྐབས་དོན་ཚན་ཁག་ཅིག་གི་ཐོག་བཀའ་བསྡུར་བྱུང་ཡོད་པ་དེ་དག་ནི་གལ་འགངས་ཆེན་པོ་ཞིག་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
ཨ་རིའི་སྲིད་གཞུང་གསར་པའི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་ཕེབས་པའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་དང་ཨ་རིའི་སྲིད་འཛིན་གཞོན་པ་རྣམ་གཉིས་ཀྱི་དབར་ལའང་མཇལ་འཕྲད་གནང་ཏེ་བཀའ་མོལ་བྱུང་སྟངས་ལ་གཞིགས་པའི་སྐབས་རྒྱ་གར་དང་ཨ་རིའི་བར་དང་། ཡང་རྒྱ་ནག་དང་ཨ་རིའི་དབུ་ཁྲིད་བར་གྲོས་མོལ་གྱི་བརྒྱུད་རིམ་ལ་བལྟས་པའི་སྐབས་ཨ་རི་དང་རྒྱ་གར་གཉིས་བར་གྲོས་མོལ་ལྷུག་པོ་བྱུང་ཡོད་པའི་གཟིགས་ཚུལ་བྱུང་ཞེས་གསུངས་ཀྱི་འདུག
སྤྱིར་བཏང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིའི་ངོ་བོའི་ཐོག་ནས་ཀྱང་རྒྱ་གར་ལ་རྒྱབ་སྐྱོར་དང་ཐུགས་འདྲིས་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། དེ་ལས་བཟློག་ཏེ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཡིན་དུས་དེར་རྒྱ་ནག་གཞུང་གིས་ཀྱང་ཁོང་ལ་སྡང་ཟུག་བྱེད་ཡུལ་ཞིག་ཆགས་མྱོང་ཡོད་པ་རེད།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།