རྒྱ་ནག་ནང་Marriott མགྲོན་ཁང་ཡོངས་རྫོགས་སྒོ་རྒྱབ་དགོས་པའི་བསམ་ཚུལ་ཤུགས་ཆེ་བརྗོད་བཞིན་པ།

2018-01-13
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཡོད་པའི་ Marriott མགྲོན་ཁང་།
རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཡོད་པའི་ Marriott མགྲོན་ཁང་།
ཨེ་པི།

༄༅། །བོད་རང་བཙན་ལ་རྒྱབ་སྐྱོར་བྱ་མཁན་གྱི་ཚོགས་པ་ཞིག་གི་ཊུ་ཊར་གྱི་ཟིན་ཐོ་ཞིག་ལ་དགའ་རྟགས་རྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ངོས་ནས་ Marriott མགྲོན་ཁང་ལ་དཀའ་ངལ་སྣོན་མ་ཞིག་སྤྲོད་བཞིན་ཡོད་འདུག
(Marriott)་གསོལ་མགྲོན་ཁང་ནི་ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་སྒེར་གྱི་མཁེ་གཉེར་ཚོང་ལས་ཁང་ཆེ་ཤོས་གྲས་ཤིག་ཡིན་ཞིང་།  དེས་ཉེ་ཆར་བོད་དང་ཐེ་ཝན། ཧོང་ཀོང་། མཱ་ཁོ་བཅས་རྒྱལ་ཁབ་ཏུ་ངོས་འཛིན་བྱས་སྟབས། རྒྱ་ནག་གཞུང་གིས་གསོལ་མགྲོན་ཁང་དེའི་དྲྭ་རྒྱ་བདུན་ཕྲག་གཅིག་རིང་སྒོ་བརྒྱབས་ནས་ཉེས་ཆད་བཏང་ཡོད་ལ། རྒྱ་ནག་གཞུང་གི་དྲ་རྒྱའི་ལས་དོན་རྟོག་ཞིབ་པ་ཚོས་ Marriott གྱི་དྲ་རྒྱའི་ཐོག་རྟོག་ཞིབ་ཀྱི་ལས་འགུལ་སྤེལ་བའི་སྐབས། Marriott གྱི་དྲ་རྒྱའི་ཐོག་ བོད་ཀྱི་གྲོགས་པོ་ཚོགས་ཟེར་བ་བོད་རང་བཙན་དོན་གཉེར་གྱི་ཚོགས་པ་དེའི་ཊུ་ཊར་དྲ་ཚིག་ཐོག་ Marriott གྱིས་བོད་འདི་ལོགས་སུ་རང་བཙན་གྱི་རྒྱལ་ཁབ་ཞིག་ཏུ་ལོགས་སུ་བཞག་པར་དགའ་བསུ་ཞུ་བའི་ཟིན་ཐོར་དགའ་རྟགས་བརྒྱབ་ཡོད་པ་ཤེས་རྟོགས་བྱུང་བར་བརྟེན། ད་ཆ་རྒྱ་ནག་གི་དྲ་རྒྱ་ལོངས་སུ་སྤྱོད་མཁན་ཚོས་ རྒྱ་ནག་ནང་ཡོད་པའི་ Marriott མགྲོན་ཁང་ཡོངས་རྫོགས་སྒོ་རྒྱབ་དགོས་ལུགས་ཀྱི་བསམ་ཚུལ་ཤུགས་ཆེ་བརྗོད་བཞིན་ཡོད་འདུག
གནས་ཚུལ་དེ་བྱུང་མ་ཐག་ Marriott མགྲོན་ཁང་གི་སྤྱི་ཁྱབ་ལས་ཁུངས་ནས་ཊུ་ཊར་དྲ་གནས་ཐོག་དགའ་རྟགས་བརྒྱབ་པ་དེ་ཕྱིར་བཏོན་བྱས་ཡོད་ལ། Marriott མཁེ་གཉེར་ལས་ཁང་གི་སྤྱི་ཁྱབ་འགན་འཛིན། Arne Sorenson གྱིས། ཊུ་ཊར་དྲ་ཚིག་གི་ཟིན་ཐོར་དགའ་རྟགས་བརྒྱབ་པ་དེ་ནི་ལས་བྱེད་པ་སྒེར་གཅིག་གི་ནོར་འཁྲུལ་གྱི་བྱ་སྤྱོད་ཞིག་ཡིན་པ། དེའི་ཐོག་སླར་ཡང་རྒྱ་ནག་གཞུང་ལ་དགོངས་སེལ་ཞུས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ Marriott མགྲོན་ཁང་ཐོག་རྙོག་ཁྲ་བཟོ་བའི་གནས་ཚུལ་དེ་བྱུང་བ་ནས་བཟུང་། Marriott མགྲོན་ཁང་མཁེ་གཉེར་ལས་ཁང་དེའི་ངོས་ནས་དགོངས་སེལ་སྔ་རྗེས་ཐེངས་མ་བདུན་ཞུས་ཟིན་ཡོད་པ་རེད།
(Marriott)་གསོལ་མགྲོན་ཁང་གིས་ཉེ་ལམ་རྒྱ་རིགས་སྐུ་མགྲོན་ཚོར་དྲྭ་རྒྱ་བརྒྱུད་བརྟག་དཔྱད་འདྲི་ཞིབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། བརྟག་དཔྱད་འདྲི་ཞིབ་ཁྲོད། ཁྱེད་རང་ད་ལྟ་རྒྱལ་ཁབ་གང་ན་བཞུགས་ཡོད་དམ་ཞེས་པའི་དྲི་བའི་གདམ་ཀའི་རྣམ་གྲངས་སུ། བོད། ཐེ་ཝན། ཧོང་ཀོང་། མཱ་ཁོ་བཅས་བཀོད་ཡོད་པ་རེད།  འདི་ནི་རྒྱ་ནག་ནང་གི་དྲ་རྒྱ་ལོངས་སུ་སྤྱོད་མཁན་དང་རྒྱ་ནག་གཞུང་གི་ངོས་ནས་བོད་དང་ཐེ་ཝན་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་དེ། རྒྱ་ནག་གི་མངའ་དབང་ལ་རྩིས་མེད་བཏང་པ་ཞིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།
ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གིས་(Marriott)་གསོལ་མགྲོན་ཁང་རྒྱ་ནག་གི་དྲྭ་རྒྱ་བདེ་འཇགས་ཁྲིམས་སྲོལ་དང་ཁྱབ་བསྒྲགས་ཁྲིམས་སྲོལ་ལ་འགལ་བ་ཡིན་པ་བརྗོད་ཡོད་པ་རེད།  (Marriott)་གསོལ་མགྲོན་ཁང་འཛམ་གླིང་རྒྱལ་ཁབ་བརྒྱ་ལྷག་གི་ནང་ཡོད་པ་དང་། རྒྱ་ནག་པེ་ཅིང་དང་ཧྲང་ཧེ་ཁོ་ན་རུ་ (Marriott)་གསོལ་མགྲོན་ཁང་ ༣༠ ་ལྷག་ཡོད་པ་རེད།།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།