རྒྱ་ནག་གཞུང་གིས་རྫ་ཆུ་གཙང་པོའི་ཆུ་ཤུགས་ཉུང་དུ་བཏང་བར་ཁྱིམ་མཚེས་རྒྱལ་ཁབ་ཚོས་སྐྱོན་བརྗོད།

2021-01-12
Share
རྒྱ་ནག་གཞུང་གིས་རྫ་ཆུ་གཙང་པོའི་ཆུ་ཤུགས་ཉུང་དུ་བཏང་བར་ཁྱིམ་མཚེས་རྒྱལ་ཁབ་ཚོས་སྐྱོན་བརྗོད། བར་སྣང་ནས་པར་རྒྱབ་པའི་མེ་གོང་(Mekong)གཙང་པོ་་་དང་ཡུལ་ལྗོངས།
Planet Labs Inc

རྒྱ་ནག་གཞུང་གིས་རྫ་ཆུ་གཙང་པོའམ་མེ་གོང་གཙང་པོའི་ཆུ་ཤུགས་ཉུང་དུ་བཏང་བར་གཤམ་འོག་ཁྱིམ་མཚེས་རྒྱལ་ཁབ་ཚོས་སྐྱོན་བརྗོད་བྱེད་བཞིན་འདུག
མེ་གོང་(Mekong)གཙང་པོའམ་རྫ་ཆུའི་ཐོག་རྒྱ་ནག་གཞུང་གིས་ཆུ་རག་རྒྱབ་ནས་ཕྱི་ཟླ་དང་པོའི་ཚེས་༢༤བར་ཆུའི་ཤུགས་ཚད་བརྒྱ་ཆ་ལྔ་ཅུ་ཙམ་ཉུང་དུ་འགྲོ་རྒྱུ་ཡིན་པ་དེས། རྫ་ཆུ་གཙང་པོའི་གཤམ་འོག་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་གིས་སྔོན་བརྡ་མ་བཏང་བར་བརྟེན་ནས་ས་གནས་དེ་ཚོའི་མི་མང་ཚོར་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་འདུག
གནད་དོན་དབྱེ་ཞིབ་པ་ཚོས་ཉིན་ཁ་ཤས་ཀྱི་གོང་ནས་རྫ་ཆུའམ་(Mekong)གཙང་པོའི་ཆུའི་ཤུགས་ཚད་ཆུང་དུ་ཕྱིན་ཡོད་པའི་ཉེན་བརྡ་བཏང་ཡོད་པ་དང་། དེས་རྫ་ཆུའི་རྒྱུད་ཀྱི་སྐྱེ་དངོས་ཀྱི་སྐྱེ་འཕེལ་དང་མི་དམངས་ཀྱི་འཚོ་རྟེན་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་བརྗོད་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྫ་ཆུ་གཙང་པོའི་རྒྱུད་དུ་ཆུ་ཤུགས་གློག་ཁང་རྒྱག་བཞིན་པ་དེས་རྫ་ཆུ་གཙང་པོའི་ཆུ་ཤུགས་ཟླ་བ་གཅིག་ཙམ་རིང་ཆུང་དུ་འགྲོ་རྒྱུ་དང་། དེས་གཙང་པོ་དེའི་ཐོག་ཉ་བཟུང་ནས་འཚོ་རྟེན་བྱེད་མཁན་དང་། རྫ་ཆུ་གཙང་པོའི་བརྒྱུད་ཀྱི་མི་མང་ས་ཡ་དྲུག་ཅུ་ཙམ་གྱི་ཚེ་སྲོག་དང་འཚོ་གནས་ལ་དཀའ་ངལ་བཟོས་ཡོད་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད།
རྒྱ་ནག་གི་ཆུ་ཤུགས་ལས་ཁང་གིས་གཟའ་མིག་དམར་ཉིན་ལྷོ་ཤར་ཨེ་ཤེ་ཡའི་ནང་གི་ཆུ་བོ་རིང་ཤོས་གྲས་མེ་གོང་གཙང་པོའི་གཤམ་འོག་ཁྱིམ་མཚེས་ཡུལ་གྲུ་ཁག་ལ། གློག་ལས་བརྒྱུད་ལམ་བཟོ་བསྐྲུན་སོགས་ཀྱིས་རྒྱ་ནག་གིས་ཕྱི་ཟླ་དང་པོའི་ཚེས་༢༤བར་མེ་གོང་གཙང་པོའི་ཆུའི་རྒྱུགས་ཤུགས་ཉུང་དུ་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད། ཡིན་ནའི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བརྡ་ཐོ་གཏོང་རྒྱུ་འཕྱི་དྲག་ཟིན་པའི་སྐྱོན་བརྗོད་གནང་གི་ཡོད་པ་རེད།
རྒྱ་ནག་གིས་མེ་གོང་གཙང་པོའི་ཐོག་བརྒྱབ་པའི་ཇིང་ཧུང་ཟེར་བའི་ཆུ་ཤུགས་གློག་ཁང་གིས་ཆུ་ཕྱིར་གློད་རྒྱུའི་ཚད་གཞི་བརྒྱ་ཆ་༤༧ཙམ་ཉུང་དུ་བཏང་ཡོད་པ་དང་། ཆུ་ཤུགས་གློག་ཁང་དེའི་གཞུང་འབྲེལ་དྲ་རྒྱའི་ཐོག་དེ་ནི་རྒྱ་ནག་དང་མེ་གོང་གཙང་པོའི་གྲངས་ཚད་མཉམ་སྤྱོད་ཀྱི་གྲོས་མཐུན་གྱི་ཆ་ཤས་ཤིག་ཡིན་ལུགས་བཀོད་ཡོད་པ་རེད། ཐའེ་ལེན་ཊའི་བྱང་ཕྱོགས་ཁུལ་དང་རྒྱ་ནག་གི་ཇེང་ཧུང་ཆུ་ཤུགས་གློག་ཁང་བར་སྤྱི་ལེ་༣༠༠ཙམ་གྱི་ས་ཐག་ཡིན་པ་དང་། དེའི་རྒྱུད་དུ་རྒྱུག་བཞིན་པའི་མེ་གོང་གཙང་པོའི་ཆུའི་རྒྱུགས་ཤུགས་ལ་ཡང་ཤུགས་རྐྱེན་ཐེབས་ནས་ཕྱི་ཟླ་དང་པོའི་ཚེས་༢ནས་༤བར་གཙང་ཆུའི་ཚད་གཞི་རྨིད་གཉིས་ཙམ་ཆགས་ཡོད་པ་མེ་གོང་གཙང་པོའི་ལྷན་ཚོགས་ཀྱིས་འགྲེལ་བརྗོད་བྱས་ཡོད་འདུག
མེ་གོང་གཙང་པོའམ་རྫ་ཆུ་ནི་བོད་ནང་གི་མཚོ་སྔོན་རྫ་སྟོད་རྫོང་ནས་འབབ་བཞིན་པ་དང་། དེ་ནས་ཆབ་མདོ་དང་སྨར་ཁམས་སོགས་བརྒྱུད་དེ་ཡུན་ནན་དུ་བཞུར་རྗེས་མེ་གོང་གཙང་བོར་འདྲེས་ནས། འབར་མ་དང་། ལའོ། ཐའེ་ལེན་ཊི་སོགས་རྒྱལ་ཁབ་བརྒྱུད་པའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ ༢༡༧༩ དང་འབབ་ཡུལ་གྱི་ས་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ་ཁྲི༡༦.༤ཙམ་ཟིན་ཡོད་ལ་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་ནང་རྒྱུག་བཞིན་པའི་གཙང་པོ་ཞིག་ཡིན་པ་དང་། ལྷོ་ཤར་ཨེ་ཤེ་ཡའི་ནང་གལ་འགངས་ཆེ་བའི་གཙང་ཆུའི་གྲས་ཤིག་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།