ཇར་མ་ནིའི་སྲིད་བློན་ནས་རྒྱ་ནག་སྲིད་འཛིན་ལ་འབོད་སྐུལ།

ཇར་མ་ནིའི་སྲིད་བློན་ནས་བོད་རྒྱའི་གྲོས་མོལ་གྲུབ་འབྲས་ལྡན་པ་ཞིག་ཡོང་རྒྱུའི་ཐོག་ཧུ་ཅིང་ཏའོས་ཤུཌ་སྣོན་སྐྱོན་དགོས་པའི་འབོད་སྐུལ་གནང་འདུག

2008-07-09
Share

༄༅༎ཁ་ས་ཇར་མ་ནིའི་སྲིད་བློན་ལྕམ་ ཨེང་གེ་ལ་ མར་ཀེལ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ལ་། རྒྱ་ནག་གཞུང་དང་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དབར་གྲོས་མོལ་གྲུབ་འབྲས་ལམ་ལྷོང་ལྡན་པ་ཞིག་ཡོང་རྒྱུའི་ཐོག་ཧུ་ཅིང་ཏའོས་ཤུགས་སྣོན་སྐྱོན་དགོས་པའི་འབོད་སྐུལ་གནང་འདུག།

ཉི་ཧོང་ནང་བཟོ་ལས་ཡར་རྒྱས་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་གནང་གྲུབ་པའི་རྗེས་ལ། ལྕམ་མར་ཀེལ་མཆོག་གི་ལས་ཁང་ནས་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང༌། ༸གོང་ས་ཏཱ་ལའི་བླ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གཉིས་དབར་གྱི་འབྲེལ་མོལ་ལ་འཕེལ་རྒྱས་ལམ་ལྷོང་ལྡན་པ་ཡོང་རྒྱུའི་ཐུགས་རེ་གནང་གི་ཡོད་ལུགས་སྲིད་བློན་ལྕམ་མར་ཀེལ་མཆོག་གིས་གསུང་ཡོག་རེད་ཅེས་བཀོད་འདུག། འདས་པའི་བདུན་ཕྲག་གི་ནང་རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་སྐུ་ཚབ་རྒྱ་རི་རིན་པོ་ཆེ་མཆོག་གིས་གྲོས་མོལ་དེ་དག་བློ་ཁ་འཚིམས་པ་ཞིག་བྱུང་མེད་སྐོར་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་བཞིན་ཇར་མ་ནིའི་སྲིད་བློན་ལྕམ་མར་ཀེལ་མཆོག་གིས་ ཉི་ཧོང་ནང་ཕེབས་པའི་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ལ། ཟླ་བ་རྗེས་མ་རྒྱ་ནག་གིས་འཛམ་གླིང་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ལ་མགྲོན་བདག་གནང་གི་ཡོད་པར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བཞག། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱ་ནག་དང་ཇར་མ་ནི་གཉིས་དབར་གྱི་འབྲེལ་བ་རྒྱུན་ལྡན་ཆགས་ཡོད་སྐོར་བརྗོད་ནས་ཟླ་བ་གཅིག་ཆ་ཚང་འགྲོ་གི་མེད་པའི་སྐབས་དེ་འདྲ་ཞིག་ལ། ལྕམ་མར་ཀེལ་མཆོག་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་དབར་ད་རེས་ཀྱི་མཇལ་འཕྲད་དེ་བྱུང་ཡོད་པ་རེད། སྔ་ལོ་ཇར་མ་ནིའི་སྲིད་བློན་ལྕམ་ ཨེང་གེ་ལ་མར་ཀེལ་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞུང་འབྲེལ་གུས་བསུ་ཞུས་གནང་བ་དེར་རྒྱ་ནག་གི་ཁོང་ཁྲོ་བྱས་ནས་རྒྱལ་ཁབ་ཕན་ཚུན་གཉིས་དབར་གྱི་འབྲེལ་བར་སྐྱོན་རྒྱབ་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎