གསར་འགོད་པས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད།

བོད་མི་ཚོའི་སེམས་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་སྒེར་ལངས་བྱེད་རྒྱུའི་བསམ་བློ་ཤུགས་ཆེ་རུ་འགྲོ་གི་ཡོད་པ།

2012-02-18
Share

༄༅༎དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་དེ་ཡིས། བོད་མི་ཚོའི་སེམས་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་སྒེར་ལངས་བྱེད་རྒྱུའི་བསམ་བློ་ཤུགས་ཆེ་རུ་འགྲོ་གི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ The Saturday Age ཅེས་པའི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཞིག་ཉེ་ལམ་མདོ་སྨད་རྔ་པ་ཁུལ་དུ་བསྐྱོད་དེ་ རང་གི་མཐོང་ཐོས་བྱུང་བའི་གནས་ཚུལ་རྣམས། འདི་ཚེས་ ༡༨ ཉིན་གསར་འགྱུར་ལས་ཁང་དེའི་དྲ་རྒྱའི་ཐོག་བཀོད་པའི་ནང༌། རྔ་པ་ཀིརྟི་དགོན་པའི་གཡས་གཡོན་དུ་རྒྱ་མིའི་དམག་དཔུང་གི་ཁེངས་བསྡད་ཡོད་པའི་ཐོག་དགོན་པའི་གྲྭ་ཤག་ནང་དུའང་། ཉེན་རྟོག་པ་གཏན་སྡོད་བྱེད་བཞིན་པ་དང༌། ཡང་རྔ་པ་རྫོང་གི་ས་གནས་གང་སར་དམག་དཔུང་འགྲེམ་འཇོག་བྱས་ཡོད་པ་མ་ཟད། ས་གནས་དེར་ཕར་འགྲོ་ཚུར་འོང་བྱེད་སའི་ལམ་གཞུང་དུ་འགག་སྒོ་རིམ་པ་མང་པོ་བཙུགས་ཏེ། ཡུལ་མི་རྣམས་བཙོན་རའི་ནང་ཚུད་པ་ལྟ་བུ་ཆགས་ཡོད་པར་བརྟེན། དེང་སྐབས་བོད་མི་ཚོའི་སེམས་ནང་། རྒྱ་གཞུང་ལ་མི་དགའ་བའི་ཁོན་འཛིན་ཆེ་རུ་འགྲོ་གི་ཡོད་པའི་རྣམ་པ་གསལ་པོ་མཐོང་རྒྱུ་ཡོད་པ། དཔེར་ན་ མཚོ་སྔོན་མགོ་ལོག་ཆིག་བསྒྲིལ་དགོན་པའི་དགེ་འདུན་པ་ཞིག་གིས་ རྒྱ་ནག་གཞུང་གིས་མི་རིགས་དང་ཆོས་དད་རང་དབང་ཡོད་ལུགས་ཤོད་ཀྱི་ཡོད་ཀྱང༌། བྱེད་སྟངས་ནི་དེ་ལ་ལྡོག་ཕྱོགས་ཤ་ཏག་རེད། དེ་ཡིས་ང་ཚོར་ཁོང་ཁྲོ་ཆེན་པོ་ཡོང་གི་འདུག་པ་ལྟར། རྒྱ་ནག་གི་བྱེད་སྟངས་དེ་ཡིས་ཉེ་ལམ་རང་ལུས་མེ་བསྲེག་བཏང་བའི་གནས་ཚུལ་དེ་ཚོ་བྱུང་བ་རེད། རང་དབང་མེད་ན་མི་ཚེ་ལ་སྙིང་པོ་ཡོད་མ་རེད་ཅེས་བརྗོད་བྱུང་ཞེས་དང༌། ཡང་དགེ་འདུན་པ་གཞན་ཞིག་ལ། རྒྱ་ནག་གཞུང་གིས་བོད་ནང་འབྱུང་བཞིན་པའི་ངོ་རྒོལ་ལས་འགུལ་དེ་དག་ཏྭ་ལའི་བླ་མས་སྐུལ་སློང་བྱས་པ་ཞིག་ཡིན་པའི་སྐྱོན་འཛུགས་བྱེད་བཞིན་པ་དེར་བསམ་ཚུལ་ཇི་ཡོད་སྐད་ཆ་འདྲིས་པར། དགེ་འདུན་པ་དེ་ཡིས།  གལ་སྲིད་དེ་འདྲ་བྱེད་དགོས་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་ཡོད་ན། མི་རེ་གཉིས་ཙམ་མིན་པར་ང་ཚོ་ཚང་མས་རང་ལུས་མེ་བསྲེག་གཏོང་གི་རེད་ཅེས་ལན་འདེབས་བྱས་པའི་གནས་ཚུལ་བཀོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།