གནའ་དེང་གི་རིག་གཞུང་འདྲ་མིན་ཐོག་བགྲོ་གླེང་དང་ཉམས་མྱོང་སྤེལ་རེས་གལ་ཆེ། ༧གོང་ས་མཆོག་གིས།

2019-10-08
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་གྱི་ཚོགས་བཅར་བ་ཁག་ཅིག་དང་མཇལ་མོལ་སྐབས། ༢༠༡༩།༡༠།༨
༧གོང་ས་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་གྱི་ཚོགས་བཅར་བ་ཁག་ཅིག་དང་མཇལ་མོལ་སྐབས། ༢༠༡༩།༡༠།༨
OHHDL

གནའ་དེང་གི་རིག་གཞུང་འདྲ་མིན་ཐོག་ལ་བགྲོ་གླེང་བྱས་ནས་ཉམས་མྱོང་སྤེལ་རེས་བྱེད་རྒྱུ་གལ་ཆེན་ཡིན་པ་༧གོང་ས་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་གྱི་ཚོགས་བཅར་བ་ཁག་ཅིག་ལ་བཀའ་ཕེབས་འདུག
ཟླ་བ་འདིའི་སྤྱི་ཚེས་༨ ཉིན་བཞུགས་སྒར་རྡ་རམ་སཱ་ལར་རྟེན་གཞི་བྱས་པའི་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་བྱས་ནས། གནའ་དེང་གི་རིག་གཞུང་འདྲ་མིན་བར་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་པ་དེ་བཞིན་བོད་ཀྱི་སྨན་རྩིས་ཁང་དུ་ཚོགས་བཞིན་པ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་པའི་ཚོགས་བཅར་བ་ཁག་ཅིག་ལ་མཇལ་མོལ་གནང་སྐབས། ལྷན་འཛོམས་འདི་ལྟ་བུ་བརྒྱུད་རིག་གཞུང་འདྲ་མིན་གྱི་མཁས་པ་རྣམས་ཕན་ཚུན་ཐུག་འཕྲད་བྱུང་བ་ནི་གོ་སྐབས་བཟང་པོ་ཞིག་རེད་ལ། དེ་བརྒྱུད་ནས་ཨ་ཡུར་ཝེ་དྷའི་སྨན་དང་སེམས་ཁམས་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུན་སྨན་ལུགས་གཉིས་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱས་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་པས། གནའ་དེང་གི་རིག་གཞུང་འདྲ་མིན་ཐོག་ལ་བགྲོ་གླེང་བྱས་ནས་ཉམས་མྱོང་སྤེལ་རེས་བྱེད་རྒྱུ་གལ་ཆེན་ཡིན་ཅེས་དང་། དེང་སྐབས་ས་ཁུལ་མང་པོ་ཞིག་ལ་སེམས་ཁམས་ཐོག་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན། ངའི་བསམ་པར་བོད་ཀྱི་སྨན་ལུགས་དང་འབྲེལ་བའི་རླུང་སེམས་ནད་བཅོས་ཐབས་ཀྱིས་ཕན་ཐོགས་ཡོད་སྲིད་པ་རེད་ཅེས་བཀའ་ཕེབས་ཡོད་པ་རེད།
བོད་ཀྱི་སྨན་རྩིས་ཁང་གི་སྨན་གྱི་དགེ་རྒན་སྨན་པ་པདྨ་རྒྱལ་མཚན་ལགས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་འཕགས་བོད་གཉིས་ཀྱི་སྨན་པའི་དབར་འབྲེལ་བ་འཛུགས་རྒྱུ་དེ་གལ་ཆེ་པོ་ཡིན་པ་བཀའ་གནང་བ་བཞིན། སྨན་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རིག་གཞུང་དེ་བདག་པོ་རྒྱབ་ནས་གཞན་ལ་ཁྱབ་སྤེལ་གཏོང་རྒྱུ་དེ་གལ་ཆེ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་རྒྱ་གར་(Haryana)་མངའ་སྡེ་ནས་ཡིན་པའི་སྨན་རམས་པ་(Jayashree Dasgupta)་ ལགས་ཀྱིས། ཐེངས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་རྒྱུ་དང་ཁོང་གི་བྱིན་རླབས་ཐོབ་པ་ནི་ཤིན་ཏུ་ངོ་མཚར་ཆེ་ཞིང་། ལྷག་པར་དུ་༧གོང་ས་མཆོག་གིས་སེམས་ཁམས་རིག་པ་དང་འབྲེལ་བའི་རྒྱ་གར་གྱི་གནའ་བའི་རིག་གཞུང་དང་། དེང་གི་ཚན་རིག་གཉིས་ཟུང་འབྲེལ་དགོས་གལ་ཆེ་བའི་སྐོར་བཀའ་གནང་སོང་བས། ངོས་ཀྱིས་ཁོང་གི་ལམ་སྟོན་དེ་ཚོ་སེམས་ལ་བཅངས་ནས་ལག་བསྟར་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བརྗོད་སོང་།
སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱི་འགན་འཛིན་སྨན་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས། བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་འོག་ད་བར་གནའ་དེང་གི་རིག་གཞུང་འདྲ་མིན་བར་ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་དགུ་ཚོགས་གནང་ཡོད་པའི་སྐོར་༧རྒྱལ་བ་རིན་པོ་མཆོག་ལ་སྙན་སེང་ཞུས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སོང་། ཐེངས་འདིའི་མཇལ་མོལ་སྐབས་འཕགས་བོད་གཉིས་ཀྱི་སྨན་པ་གཙོས་པའི་ཁྱོན་མི་གྲངས་༡༩་ཡོད་པ་ངོ་སྤྲོད་གནང་བྱུང་།
སྐུ་མགྲོན་གཙོ་བོ་བོིད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ༧གོང་ས་མཆོག་གི་དགོངས་པ་དང་ལམ་སྟོན་ལ་བརྟེན་ནས་ད་སྐབས་བོད་ཀྱི་སྨན་རྩིས་ཁང་དེ་ཉིད་གྲུབ་འབྲས་ཆེན་པོ་སོན་ཡོད་པའི་ཐོག་རྒྱ་གར་གཞུང་གི་སྲོལ་རྒྱུན་སྨན་དང་། གསོ་རིག་ལྷན་ཁང་ངམ་(Ministry of Ayush)་ནས་བོད་ཀྱི་སྨན་རྩིས་ཁང་ངོས་འཛིན་བྱ་རྒྱུའི་དུས་ལ་བབ་ཡོད་པ་གསུང་བཤད་གནང་ཡོད་པ་དང་འབྲེལ།
ཐེངས་འདིའི་ཚོགས་ཆེན་ཐོག་རྒས་པའི་སེམས་ཁམས་གསོ་སྐྱོང་ཞེས་པའི་བརྗོད་གཞིའི་ཐོག་ནང་བསྟན་སེམས་ཁམས་རིག་པ་དང་། བོད་ལུགས་གསོ་བ་རིག་པ། ཨ་ཡུར་ཝེ་དྷ། ཡུ་ན་ཎི། སིདྡྷ། ཧོ་མི་ཨོ་པེ་ཐི། ཡོ་ག ནུབ་ཕྱོགས་ཚན་རིག བོད་རྩིས་རིག་པ་བཅས་རིག་གཞུང་སྡེ་ཁག་དགུ་ཡི་མཁས་དབང་གདན་ཞུས་ཀྱིས་ཉིན་གསུམ་རིང་བགྲོ་གླེང་གནང་རྒྱུ་ཡིན་པ་རེད།
ཐེངས་འདིའི་ཚོགས་ཆེན་ཐོག་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་དང་འབྲེལ་ཡོད་ལས་བྱེད་སློབ་ཕྲུག དེ་བཞིན་ཕྱི་ནང་གི་མཁས་པ་དང་སྐུ་མགྲོན་སོགས་ཁྱོན་མིང་གྲངས་༢༥༠་ལྷག་ལྷན་ཞུགས་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།