རང་གཞན་གཉིས་ཀྱི་དོན་བསྒྲུབ་པར་བྱང་ཆུབ་སེམས་ཉམས་ལེན་བྱས་བ་ལས་ལྷག་པ་མེད། ༧གོང་ས་མཆོག་གིས།

2021-05-05
Share
རང་གཞན་གཉིས་ཀྱི་དོན་བསྒྲུབ་པར་བྱང་ཆུབ་སེམས་ཉམས་ལེན་བྱས་བ་ལས་ལྷག་པ་མེད། ༧གོང་ས་མཆོག་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག 5/2021
OHHDL

རང་གཞན་གཉིས་ཀྱི་དོན་བསྒྲུབ་པར་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་པ་ལས་ལྷག་པ་མེད་ཅེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཁམས་ཚན་རིག་གི་བགྲོ་གླེང་སྐབས་བཀའ་བསྩལ་འདུག
ཨ་མི་རི་ཀར་རྟེན་གཞི་བྱས་པའི་སེམས་དང་སྲོག་ལྟེ་གནས་ཁང་གི་གོ་སྒྲིག་འོག སྤྱི་ཟླ་༥་པའི་ཚེས་༢་ཉིན་ནས་འགོ་བཙུགས་པའི་སེམས་ཚོར་གྱི་ནུས་པ་དང་ཤེས་པ། སེམས་ཁམས་ཚན་རིག་གི་བགྲོ་གླེང་སྐབས། འདི་ཚེས་༥་ཉིན་སེམས་ཚོར་བདེ་ཐང་ཡོང་བར་རང་ཉིད་ནས་ནུས་པ་སྐྱེད་སྲིང་བྱེད་རྒྱུ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཞིང་། སྐབས་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བགྲོ་གླེང་དང་འབྲེལ་བའི་བཀའ་སློབ་བརྙན་ཐུང་ནང་། ངོས་རང་ཞོགས་པ་ཡར་ལངས་པ་དང་། རང་གཞན་དོན་ནི་རང་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི་ཞེས་བྱང་ཆུབ་སེམས་ཀྱི་ཐོག་ལ་བསམ་བློ་མང་པོ་ཞེ་དྲགས་གཏོང་གི་ཡོད། ནམ་ཞིག་ང་ཚོས་བྱང་ཆུབ་སེམས་ཉམས་ལེན་ཐུབ་པ་ཡིན་ཚེ། དེ་བརྒྱུད་ནས་ཉོན་མོངས་ཀྱི་བློ་དེ་དག་དོར་ནས་བཟང་པོའི་ཡོན་ཏན་རྣམས་ཉམས་ལེན་གནང་ཐུབ། དེར་བརྟེན། ང་ཚོའི་འོས་འགན་གཙོ་བ་ཞིག་ནི། བྱང་ཆུབ་སེམས་ཀྱི་ནུས་པ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན། བྱང་ཆུབ་སེམས་ཉམས་ལེན་གནང་བར་བརྟེན་ནས་རང་གཅེས་འཛིན་གྱི་བློ་དེ་ཡང་ཉུང་དུ་གཏོང་ཐུབ། མདོར་ན། རང་གཞན་གཉིས་ཀའི་དོན་སྒྲུབ་པར་བྱང་ཆུབ་སེམས་ཉམས་ལེན་བྱེད་རྒྱུ་ལས་ལྷག་པ་གང་ཡང་མེད་ཅེས་དང་། ད་དུང་ཉོན་མོངས་ཀྱི་བློ་དང་། སེམས་ཚོར་དྲག་པོའི་རིགས་མང་པོ་ཞིག་ཚོད་དཔག་རང་བཞིན་དང་འབྲེལ་བའི་བདེན་འཛིན་བསམ་བློ་བཏང་ནས་ཡོང་གི་ཡོད། དེར་བརྟེན་ཉོན་མོངས་ཀྱི་བློ་དེ་དག་ཉུང་དུ་གཏོང་བར་གཙོ་བོ་སྟོང་ཉིད་དང་བྱང་ཆུབ་སེམས་ཉམས་ལེན་གནང་དགོས། དེང་གི་འཛམ་གླིང་ནང་དཀའ་ངལ་མང་པོ་ཞིག་ཉོན་མོངས་དང་། ང་ང་ཟེར་བའི་རང་གཅེས་འཛིན་གྱི་བློ་དེ་ཆེ་དྲགས་པའི་རྐྱེན་གྱིས་ཡོང་གི་ཡོད། རྒྱུན་དུ་གཞན་གྱི་སྡུག་བསྔལ་ཚོར་བའི་སྒོ་ནས་ཇི་ཙམ་གྱི་གཞན་ཕན་གྱི་བློ་ཉམས་ལེན་བྱས་པ་དེས་རང་བཞིན་གྱི་སོ་སོར་དོན་དམ་གྱི་བདེ་སྐྱིད་ཤིག་ཡོང་ངེས་ཡིན། དེར་བརྟེན་ངོས་ཀྱིས་ཡང་ནས་ཡང་དུ་འགྲོ་བ་མིའི་བདེ་རྩའི་ཆེད་དུ། གཙོ་བོ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེ་ཡིན་པ་འབོད་སྐུལ་ཞུ་གི་ཡོད་ཅེས་བཀའ་གནང་ཡོད་པ་རེད།
ཐེངས་འདིའི་བགྲོ་གླེང་ཐོག་འཛམ་གླིང་གི་ཚན་རིག་པ་གྲགས་ཅན་དང་། སློབ་དཔོན་སོགས་མི་གྲངས་༣༠་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་ཀླད་ཁམས་དབང་རྩའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་(Richard Davidson)་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་འགྲོ་བ་མི་གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་སེམས་ཚོར་ཞིག་ཡོད་པ་ཚང་མས་མཁྱེན་གསལ་རེད། ངོས་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སེམས་ཚོར་ཐད་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་ཤིག་བྱུང་བ་དེ་ནི། ངའི་མི་ཚེ་ནང་སེམས་ཚོར་ཐད་ཉམས་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་ཧ་ཅང་གི་ནུས་པ་ཆེ་ཞིང་དོན་ཕན་ལྡན་པ་དང་། ངའི་མི་ཚེ་ནང་སེམས་ཚོར་དང་འབྲེལ་བའི་སློབ་སྦྱོང་ཡག་ཤོས་དེ་དེ་ནས་བྱུང་བས། དེ་ནི་སེམས་བདེ་ཐང་ཡོང་བར་ནུས་པ་སྐྱེད་སྲིང་བྱེད་རྒྱུའི་དཔེ་མཚོན་ཡག་ཤོས་ཤིག་ལ་ངོས་འཛིན་ཡང་བྱེད་ཆོག་སྙམ། དེ་ནི་སྤྱི་ལོ་༡༩༩༢་ལོར་ངོས་ཀྱིས་ཐེངས་དང་པོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་སྐབས། མཇལ་ཁ་མ་ཞུས་སྔོན་དུ་ང་ལ་ཧ་ཅང་གི་བློ་འཚབ་དང་། ཧ་ཅང་གི་དངངས་སྐྲག་སྐྱེས་བྱུང་ལ། ཁོང་ལ་བཀའ་འདྲི་ག་རེ་ཞུ་དགོས་མིན་དེ་ཡང་དྲན་གྱི་མི་འདུག དེ་ནས་སྐར་ཆ་འགའ་ཤས་རྗེས་བཞུགས་སྒར་མཇལ་འཕྲད་ཁང་དུ། ༧གོང་ས་ཏཱ་ལའི་བླ་མ་མཆོག་དངོས་སུ་མཇལ་མ་ཐག་ཏུ་སྐར་ཆ་༡༠་ཡི་ནང་ཚུད་ལ་ངོས་ཀྱི་བློ་འཚབ་དང་དངངས་སྐྲག་གི་ཚོར་བ་དེ་ཡང་ཡོངས་སུ་མེད་པ་ཆགས་ཏེ་སེམས་ལྷོད་ལྷོད་ཆགས་སོང་བས། དེ་ནི་ཁོང་གི་བྱམས་བརྩེ་རང་བཞིན་གྱི་ཐུགས་རྒྱུད་དང་སེམས་ཚོར་གྱི་ནུས་པ་ཡིན་མ་ཟད། དེ་ནི་སྙིང་རྗེའི་སྟོབས་ཤུགས་ཤིག་ཀྱང་ཡིན་ཅེས་གསུངས་ཡོད།
ཡང་སྐབས་དེར་ནང་པའི་སྒོམ་སྒྲུབ་ཐོག་ལ་མཁས་པ་མི་འགྱུར་རིན་པོ་ཆེ་མཆོག་གིས། དྲན་པ་ཉེ་བར་གཞག་རྒྱུ་ནི་སེམས་བདེ་ཐང་ཡོང་བ་དང་། སྒོམ་སྒྲུབ་ཉམས་ལེན་སོགས་ཀྱི་གཞི་བཅོལ་སའི་རྩ་བ་ལྟ་བུ་དེ་ཡིན་ཞིང་། ང་ཚོ་འགྲོ་བ་མི་ལ་གཞན་དང་མི་འདྲ་བ་དམིགས་གསལ་ཁྱད་ཆོས་འགའ་ཡོད་པ་ནི་དྲན་པ་ཉེ་བར་གཞག་པ། བྱམས་སྙིང་རྗེ་ཉམས་ལེན་ཐུབ་པ། དམིགས་བསལ་ནུས་པ་ལྡན་པའི་ཁར། ཤེས་རབ་དང་རྣམ་དཔྱོད་སོགས་ལྡན་པས། ཧ་ཅང་གི་ངོ་མཚར་སྐྱེས་འོས་པ་ཞིག་ཡིན། འོན་ཀྱང་། འགྲོ་བ་མི་མང་པོ་ཞིག་གིས་དེ་དག་ཚོར་གྱི་མེད་པ་རེད། དེར་བརྟེན། ང་ཚོར་ཡོད་པ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དག་དྲན་པ་ཉེ་བར་གཞག་པའི་སྒོ་ནས་སྒོམ་སྒྲུབ་ཉམས་ལེན་བྱས་པ་ཡིན་ཚེ། དོན་དངོས་ཁྱེད་རང་སུ་ཡིན་མིན་ཤེས་རྟོགས་ཐུབ་ལ། ཁྱེད་ཉིད་ཀྱི་དམིགས་བསལ་ནུས་པ་དེ་ཡང་རྙེད་ཐུབ་ཅེས་གསུངས་ཡོད་པ་རེད།
སེམས་དང་སྲོག་ལྟེ་གནས་ཁང་ནི། སྤྱི་ལོ་༡༩༩༡་ལོར་ཨ་མི་རི་ཀར་གསར་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་དེང་གི་ཚན་རིག་དང་འགྲོ་བ་མིའི་ཤེས་རབ་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཟང་ཕྱོགས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡིན་འདུག་པ་དང་། ལྟེ་གནས་ཁང་དེའི་མཐུན་འགྱུར་འོག་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འཛམ་གླིང་གི་ཚན་རིག་པ་གྲགས་ཅན་དུ་མ་ཞིག་མཇལ་འཕྲད་ཀྱིས་སེམས་ཁམས་ཚན་རིག་དང་། ཤེས་པ། སེམས་ཚོར་སོགས་དང་འབྲེལ་བའི་ཐོག་བགྲོ་གླེང་ཐེངས་མང་གནང་ཡོད་པ་རེད།
གཞན་ཡང་ཐེངས་འདིར་ལྟེ་གནས་ཁང་དེ་ཉིད་ཀྱིས་གོ་སྒྲིག་ཞུས་པའི་སེམས་ཚོར་གྱི་ནུས་པ་དང་ཤེས་པ། སེམས་ཁམས་ཚན་རིག་གི་ཉིན་མཐའ་མའི་བགྲོ་གླེང་གི་བརྗོད་གཞི་ནི། ཉིན་ལྟར་སེམས་ཚོར་ལ་སྦྱོང་བརྡར་སྤྲོད་ཞེས་པ་དེ་ཡིན་ཞིང་། དེའི་ཐད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་ལམ་ནས་བགྲོ་གླེང་དང་འབྲེལ་བའི་བཀའ་སློབ་སྩལ་རྒྱུ་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།