རྒྱ་གར་སྲིད་བློན་མོ་དྷི་མཆོག་གིས་༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཡང་ཡང་ཞུ་གི་ཡོད་ཅེས་གསུངས་འདུག

2024.05.25
རྒྱ་གར་སྲིད་བློན་མོ་དྷི་མཆོག་གིས་༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཡང་ཡང་ཞུ་གི་ཡོད་ཅེས་གསུངས་འདུག
ཨེ་པི།

རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་གིས་སྤྱི་ནོར་༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཡང་ཡང་ཞུ་གི་ཡོད་ཅེས་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་ཧི་མ་ཅལ་མངའ་སྡེའི་ Mandi ས་གནས་སུ་མི་མང་སྟོང་ཁྲག་མང་པོ་འདུ་འཛོམས་ཀྱི་སར་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་བའི་སྐབས་གསུངས་ཡོད་ཅིང་།  ཁོང་གིས་རྒྱ་གར་གྱི་ཡུལ་འདི་ནི་ནང་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡུལ་ཞིག་རེད་ལ། ཁོང་གི་སྲིད་གཞུང་གི་ངོས་ནས་ནང་པའི་ཆོས་རྒྱུད་མི་ཉམས་རྒྱུན་འཛིན་ཡོང་ཐབས་བྱེད་བཞིན་ཡོད་ཅེས་གསུངས་ཏེ་མངའ་སྡེའི་ནང་། ནང་པའི་གནས་ས་རྩ་ཆེན་ཁག་ཏུ་འཛུགས་སྐྲུན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ཐོག་བྷི་ཇེ་པི་གཞུང་གི་ངོས་ནས་ལས་དོན་སྤེལ་ཕྱོགས་ཐོག་ལ་གསུང་བཤད་གནང་ཡོད་པ་རེད། 
ཁོང་གིས་ད་དུང་བརྗོད་དོན།  དེ་སྔའི་གཞུང་འཛིན་པའི་སྐབས་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གི་མཚན་ཙམ་ཡང་འབོད་རྒྱུར་ཞེད་སྣང་བྱེད་ཀྱི་ཡོད་རེད། འོན་ཀྱང་ངོས་རང་༧གོང་ས་༧ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཡང་ཡང་ཞུ་གི་ཡོད་ལ།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ང་ཚོས་གུས་བརྩི་ཆེན་པོ་ཞུ་ཡུལ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་ཏེ་ཆེ་བསྟོད་ཞུས་གནང་ཡོད་པ་རེད།
སྤྱིར་སྲིད་བློན་མོ་དྷི་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༠ ལོར་ཁོང་གྷུ་ཇུ་རཏི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་བའི་སྐབས།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་མྱོང་ཡོད་ལ།  ཁོང་སྲིད་བློན་གྱི་མཛད་འཁུར་བཞེས་རིང་འདས་པའི་ལོ་མང་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ།  ཐད་ཀར་ཞལ་པར་ཕུལ་པ་དང་། དྲ་ཐོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡོངས་ཁྱབ་ཀྱི་ཐོག་ནས་འཚམས་འདྲི་ཞུས་ཡོད་པ་རེད།
ད་ལྟ་རྒྱ་གར་རྒྱལ་ཡོངས་སུ་འོས་བསྡུའི་ལས་རིམ་གཉེར་བཞིན་ཡོད་ཅིང་ཉིན་གྲངས་བཅུ་ཙམ་གྱི་རྗེས་མཇུག་བསྒྲིལ་ཞུ་གྲབ་ཡོད་པ་དང་། སྲིད་བློན་མོ་དྷི་མཆོག་ཧི་མ་ཅལ་མངའ་སྡེའི་མན་ཌི་ས་གནས་སུ་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་བར་ཕེབས་དགོས་པའི་དམིགས་ཡུལ་གཅིག་ནི་ས་གནས་འདི་ནས་རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་ཀངྒ་ན་ རནོ་ཝཏ་ (Kangna Ranuat) གྲོས་ཚོགས་ཀྱི་འཐུས་མིའི་འོས་མིར་ལངས་ཀྱི་ཡོད་པ་དང་ཁོ་མོའི་ཁ་གཏད་དུ་ཀོང་རེསི་ ཨ་ཡེ་ ཚོགས་པའི་སྤྱི་ཁྱབ་བློན་ཆེན་ཞེང་གཤེགས་དམ་པ་ ཝིར་བདྲ་ སིངྒ  (Virbhadra Singh) མཆོག་གི་སྲས་ ཝིཀ་རམ་ཨདྷིཏི་ཡ་ སིངྒ (Vikramaditya Singh) ལངས་ཀྱི་ཡོད་པ་རེད།
སྤྱིར་མཚོ་པདྨའི་ཉེ་འགྲམ་གྱི་གྲོང་ཁྱེར་མན་ཌི་མངའ་ཁུལ་འདིའི་གྲོས་ཚོགས་འཐུས་མིའི་ཁྱབ་ཁོངས་སུ་ཀུ་ལུ་རྫོང་དང་། ཁུ་ནུ། གར་ཤ། སྤི་ཏི། སིམ་ལ། ཅམ་པ་སོགས་ཚུད་ཀྱི་ཡོད་པས་ས་ཁོངས་འདིའི་ཁྱབ་ཚད་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་།  ནང་པ་འབོར་ཆེན་གནས་ཡུལ་ཆགས་ཡོད་པ་ལྟར། ཉེ་ཆར་ ཀངྒ་ན་ རནོ་ཝཏ་ (Kangna Ranuat)  གར་ཤ་དང་སྤི་ཏིའི་ཀ་ཛ་ས་གནས་སུ་འོས་བསྡུའི་དྲིལ་བསྒྲགས་ཆེད་འབྱོར་སྐབས་མང་ཚོགས་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཁན་ཡིན་པར་བརྗོད་དེ་ངོ་རྒོལ་བྱས་པ་དང་ཁོང་ཚོས་ངོ་རྒོལ་བྱེད་དགོས་དོན་ནི་སྔ་ལོ་ཕྱི་ཟླ་བཞི་པའི་ནང་། སྤྱི་ཚོགས་དྲྭ་ལམ་བརྒྱུད་༧གོང་ས་༧ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུས་པའི་གནས་ཚུལ་བྱུང་བའི་སྐབས་གློག་བརྙན་འཁྲབ་སྟོན་པ་ ཀངྒ་ན་ རནོ་ཝཏ་ (Kangna Ranuat)  ཡིས་ཀྱང་ཟུར་ཟའི་རྣམ་འགྱུར་བསྟན་པའི་རྐྱེན་གྱིས། ཡུལ་མི་ཚོའི་སེམས་ཁམས་ལ་ཕོག་ཐུག་བྱུང་སྟེ་ད་རེས་ཁོང་མོར་ངོ་རྒོལ་བྱས་པ་ཞིག་ཡིན་འདུག   འོན་ཀྱང་ཁོང་གིས་སྐབས་དེར་སྤྱི་ཚོགས་དྲྭ་ལམ་བརྒྱུད་དགོངས་སེལ་ཞུས་པ་དང་ཕྱི་ཟླ་ ༤ པའི་ནང་ཀངྒ་ན་ རནོ་ཝཏ་ (Kangna Ranuat) ཀྱིས་བཞུགས་སྒར་ཕོ་བྲང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྲུང་ཟུར་པ་༢༨༠ལྷག་ལ་མཇལ་ཁ་སྩལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎