ལྷོ་ཤར་ཨེ་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་འཛུགས་ཕྱོགས།

ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་ཐད་ཞིབ་རྟོག་དབང་ཚད་འབྱུང་རྒྱུར་འབར་མའི་གཞུང་ནས་མོས་མཐུན་མེད་པ་རེད་

2008-07-22
Share

༄༅༎ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་མཉམ་འབྲེལ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ ས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་གནས་བབ་ཐད་ཞིབ་རྟོག་བྱ་རྒྱུའི་དབང་ཚད་འབྱུང་ཐབས་བྱེད་བཞིན་པར་ འབར་མའམ་ མཡན་མར་གཞུང་གིས་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་ཡོད་པ་རེད་

རེས་གཟའ་ཟླ་བ་ནས་འགོ་བཙུགས་ཏེ་ ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་ཆེས་མཐོའི་བགྲོ་གླེང་སྐུ་ཚབ་ཁག་གཅིག་ལྷན་ཚོགས་ཀྱིས་ མཐུན་ཚོགས་དེའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་འཛུགས་ཕྱོགས་དང་ ལྷན་ཁང་དེའི་མ་འོངས་པའི་ལས་དོན་སྤེལ་ཕྱོགས་ དེ་བཞིན་ངོ་བོ་དང་དབང་ཚད་སོགས་ཀྱི་ཐད་བཀའ་བསྡུར་གནང་སྟེ་ དེའི་སྙན་ཐོ་ཞིག་ འདི་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་ ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་ཆེས་མཐོའི་ལྷན་ཚོགས་སྐབས་ཡུལ་གྲུ་དེ་དག་གི་དབུ་འཁྲིད་ཚོར་འབུལ་རྒྱུ་ཡིན་འདུག

འོན་ཀྱང་གཟའ་ཟླ་བའི་ཉིན་བགྲོ་གླེང་སྐུ་ཚབ་དབར་བཀའ་བསྡུར་གནང་སྐབས་ མཡན་མར་གྱི་ཕྱི་སྲིད་བློན་ཆེན་ ནིཡེན་ལྦིན་གྱིས་ ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ མཐུན་ཚོགས་དེའི་རྩ་འཛིན་སྲིད་བྱུས་ ཡུལ་གྲུ་གཞན་གྱི་ནང་སྲིད་ལ་ཐེ་བྱུས་མི་བྱེད་རྒྱུ་དེར་བརྩི་སྲུང་དགོས་གལ་ཆེ་ལུགས་བརྗོད་ཡོད་པ་བགྲོ་གླེང་ཚོགས་འདུར་ཕེབས་པའི་གལ་ཆེའི་མི་སྣ་ཞིག་གིས་ཨེ་པི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག ཡང་ཚོགས་བཅར་བ་གཞན་ཞིག་གིས་གསུངས་ན་ མཡན་མར་གྱི་ཕྱི་སྲིད་བློན་ཆེན་གྱི་ངོས་ནས་ ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་ མངའ་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་གནས་བབ་ལ་ཞིབ་དཔྱོད་བྱེད་པའི་དབང་ཚད་མི་ལྡན་པ་ཡོང་རྒྱུར་གཙོ་བཟུང་བྱེད་བཞིན་ཡོད་པ་ཡང་འགྲེལ་བརྗོད་གནང་འདུག

ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ སུའུ་རིན་པི་ཚུ་ལྦན་ གྱིས་ འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ཞིག་གི་ལས་ཀའི་ངོ་བོ་དང་དབང་ཚད་ཇི་དགོས་སོགས་ཀྱི་གནད་དོན་དེ་དག་ མཐུན་ཚོགས་ཀྱི་སྒྲིག་གཞི་གཞིར་བཟུང་གཏན་འབེབས་བྱ་རྒྱུ་ཡིན་པ་གསལ་བཤད་གནང་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།