བོད་དང་ས་འབྲེལ་ནག་པོ་ལ་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག།

2021-01-25
Share
བོད་དང་ས་འབྲེལ་ནག་པོ་ལ་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག། བོད་དང་ས་འབྲེལ་ནག་པོ་ལ་ས་མཚམས།
དྲ་བཤུས། googlemap

བོད་དང་ས་འབྲེལ་ནག་པོ་ལ་ས་མཚམས་སུ་རྒྱ་གར་དང་རྒྱ་ནག་གི་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་སྟེ་ཕྱོགས་གཉིས་ཀྱི་དམག་མིར་རྨས་སྐྱོན་ཕོག་འདུག
འདས་པའི་བདུན་ཕྲག་ནང་བོད་དང་ས་འབྲེལ་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་བྱང་ཕྱོགས་སུ་ཆགས་པའི་ནག་པོ་ལ་ས་མཚམས་སུ། རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མི་བར་གདོང་ཐུག་དྲག་པོ་བྱུང་སྟེ་ཕྱོགས་གཉིས་ཀྱི་དམག་མི་བཅུ་ཕྲག་བརྒལ་བར་རྨས་སྐྱོན་ཚབ་ཆེན་ཕོག་ཡོད་པ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་འདུག་པ་མ་ཟད། དེ་ནི་རྒྱ་ནག་གི་མཐའ་སྲུང་དམག་མི་རྒྱ་གར་གྱི་ས་ཁུལ་ནང་ཧམ་འཛུལ་བྱས་པའི་རྐྱེན་གྱིས་གདོང་ཐུག་བྱུང་བ་ཞིག་ཡིན་པ་བརྗོད་འདུག འོན་ཀྱང་། རྒྱ་ནག་གི་གཞུང་འབྲེལ་ས་སྤེལ་ཁང་(Globla Times)འམ་གོ་ལའི་དུས་བབ་ཟེར་བས་འདི་ཚེས་༢༥ཉིན་གནས་ཚུལ་བའི་ནང་། རྒྱ་གར་གྱི་གསར་སྤེལ་ཁང་ཚོས་སྤེལ་བའི་དམག་མི་གདོང་ཐུག་གི་གནས་ཚུལ་དེ་ནི་རྫུས་མ་ཡིན་པ་དང་། ཉེ་བའི་ཆར་ཕྱོགས་གཉིས་ཀྱི་དཔོན་རིགས་བར་གྲོས་མོལ་ཐེངས་༩ ཙམ་བྱས་པའི་བརྒྱུད་རིམ་ནང་། མཐའ་སྲུང་དམག་མི་བར་གདོང་ཐུག་དྲག་པོ་བྱུང་བའི་གནས་ཚུལ་རིགས་ལྷག་མེད་པ་མ་ཟད། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་དེ་ནི་དངོས་བདེན་མིན་ཚུལ་བརྗོད་འདུག
འོན་ཀྱང་གོང་ཞུས་གནས་ཚུལ་དེའི་ཐད་རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་དམག་དཔོན་ཟུར་པ་སྐུ་ཞབས་(PG Kamath)ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ནག་པོ་ལའི་ཁུལ་དུ་ཕྱོགས་གཉིས་ཀྱི་དམག་མིར་རྨས་སྐྱོན་ཕོག་པའི་གནས་ཚུལ་དེ་ནི་བདེན་པ་ཡིན་པ་དང་། སྤྱི་ལོ་༡༩༩༣ཙམ་ནས་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ནས་གྲོས་མཐུན་མང་པོ་ཞིག་བཞག་ཡོད་ཀྱང་། ད་བར་དོན་ཕན་ལྡན་པ་ཞིག་བྱུང་མེད་པ་དང་། རྒྱ་ནག་ཕྱོགས་ནས་གྲོས་མཐུན་དེ་དག་ནི་ཤོག་ལེབ་ཆུང་ཆུང་ཞིག་ལ་ངོས་འཛིན་བྱས་པ་ལས། དོན་དངོས་ཐོག་ལག་བསྟར་བྱེད་ཀྱི་མེད་ཅེས་ངོ་སྤྲོད་གནང་སོང་།
ཡང་གོང་ཞུས་གནས་ཚུལ་དེའི་ཐད་བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་དཀར་ནག་གཉིས་བར་འབྲས་ལྗོངས་ས་མཚམས་སུ་རྩོད་རྙོག་ཡང་ཡང་ཤོར་དགོས་དོན་ནི། དེ་སྔ་བོད་དང་འབྲས་ལྗོངས་བར་ས་མཚམས་ཀྱི་ཐིག་ཚད་ཁ་གསལ་རྒྱབ་མེད་པའི་དབང་གིས་ད་སྐབས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་སྲིད་བྱུས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་གནས་ཚུལ་དེ་དག་ལྷག་གི་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༢༤རེས་གཟའ་ཉི་མའི་ཉིན་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་བར་ས་མཚམས་ཁུལ་དུ་ཞི་འཇམ་ཡོང་ཐབས་ཀྱི་གྲོས་མོལ་ཞིག་གནང་ཡོད་པ་བསྒྲགས་འདུག
ལོ་སྔོན་མའི་ཕྱི་ཟླ་༦པའི་ནང་རྒྱ་གར་ལ་དྭགས་ས་མཚམས་སུ། རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་ནས། རྒྱ་གར་གྱི་དམག་མི་༢༠ཡི་ཚེ་སྲོག་ཤོར་ཡོད་པ་དང་། དེའི་རྗེས་ཕྱོགས་གཉིས་ཀྱི་དམག་དཔོན་བར་ས་མཚམས་ཀྱི་གྲོས་མོལ་ཐེངས་༩ཙམ་བྱས་ཡོད་ཀྱང་། དཀའ་རྙོག་སེལ་ཐུབ་མེད་པ་རེད།
གོང་གི་ནག་པོ་ལ་ཞེས་པ་ནི་རྒྱ་མཚོའི་ངོས་ནས་མི་ཊར་༥༠༠༠ཡི་མཐོ་ཚད་དུ་ཆགས་ཤིང་། བོད་དང་ས་འབྲེལ་ཡིན་པ་དང་། རྒྱ་གར་འབྲས་ལྗོངས་མངའ་སྡེའི་བྱང་ཕྱོགས་ས་ཁུལ་ནང་ཡོད་པ་དང་། ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། ས་ཁུལ་དེར་ནག་པོ་ལ་ཞེས་བརྗོད་དོན་གཙོ་བོ་ནི། བོད་ཕྱོགས་ནས་ལ་དེར་རྒྱང་ལྟ་བྱེད་པའི་སྐབས། སྨུག་པས་སྒྲིབ་སྟེ་མུན་ནག་གི་ས་ཁུལ་ལྟ་བུ་ཞིག་མཐོང་གི་ཡོད་པར་བརྟེན་ནག་པོ་ལ་ཞེས་འབོད་སྲོལ་ཆགས་པ་འགྲེལ་བརྗོད་གནང་སོང་ལ། ཡང་སྣ་ཐོད་ལ་ཞེས་པ་ནི་རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེའི་ཤར་ཕྱོགས་སུ་ཆགས་ཡོད་པ་དང་། དེ་ནི་དེ་སྔ་བོད་དང་འབྲས་ལྗོངས་བར་གྱི་ཚོང་དོན་གྱི་འགྲོ་ལམ་ཞིག་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།