ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་ཐེ་ཝན་དུ་ཕེབས་སྲིད་པར་རྒྱ་ནག་གིས་སེམས་ཚབས་དང་སྐྱོན་བརྗོད།

2022.04.07
Share on WhatsApp
Share on WhatsApp
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་ཐེ་ཝན་དུ་ཕེབས་སྲིད་པར་རྒྱ་ནག་གིས་སེམས་ཚབས་དང་སྐྱོན་བརྗོད། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)་མཆོག ༣།༢༠༢༢
AFP

དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)་མཆོག་བདུན་ཕྲག་རྗེས་མར་ཉི་ཧོང་ནང་ཕེབས་ཞོར་ཐེ་ཝན་ནང་འཚམས་གཟིགས་ཕེབས་སྲིད་པའི་གནས་ཚུལ་གསར་ལམ་ཁག་ནང་ཐོན་མ་ཐག རྒྱ་ནག་གཞུང་གིས་གལ་ཏེ། ཁོང་ཐེ་ཝན་ནང་འཚམས་གཟིགས་སུ་ཕེབས་ཚེ་དེ་ཡིས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཚབས་ཆེ་ཐེབས་རྒྱུ་དང་། དེའི་འགན་ཡོངས་རྫོགས་ཨ་རིས་འཁུར་དགོས་ཞེས་སེམས་ཚབས་དང་མཉམ་དུ་སྐྱོན་བརྗོད་འདུག
ཡིན་ན་ཡང་ད་ལྟ་རང་གནས་ཚུལ་ཐོན་པ་ལྟར་ན། འདི་ཚེས་༧ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)མཆོག་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་པར་བརྟེན། བདུན་ཕྲག་རྗེས་མར་ཉི་ཧོང་ནང་འཚམས་གཟིགས་ཀྱི་མཛད་འཆར་ཕྱིར་འཐེན་གནང་འདུག
རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་(Zhao Lijian)་ཡིས། ཨ་མི་རི་ཀ་དང་ཐེ་ཝན་གཉིས་བར་གཞུང་འབྲེལ་གྱིས་འབྲེལ་ལམ་གང་འདྲ་ཞིག་བྱས་ཀྱང་དེ་དག་ལ་རྒྱ་ནག་གཞུང་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ་དང་། ཨ་རིའི་གཞུང་གིས་སྐོར་བསྐྱོད་དེ་ཕྱིར་འཐེན་དགོས། ཕྱིར་འཐེན་མ་བྱས་བར་གཞུང་འབྲེལ་སྐོར་བསྐྱོད་བྱས་ན་དེའི་རྗེས་འབྲས་ཁག་ཨ་མི་རི་ཀ་རང་གིས་འཁུར་དགོས་བ་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་བརྗོད་ཡོད་ན་ཡང་རྗེས་འབྲས་ཇི་ཡོང་ཁག་གསལ་ཁ་བཏོན་མིན་འདུག
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་(Nancy Pelosi)་མཆོག་ནི། རྒྱུན་རིང་ནས་རྒྱ་ནག་གི་སྲིད་ཇུས་འཛིན་སྟངས་སྤྱི་དང་། ལྷག་དོན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་གནང་མཁན་ཞིག་ཡིན་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་ཡིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིར་གཞུང་འབྲེལ་མགྲོན་འབོད་གནང་ཡོད་པས་ཟླ་འདིའི་ཟླ་མཇུག་ཏུ་ཁོང་ཨ་རིར་ཕེབས་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ས་རཱ་མཐོ་སློབ་ཏུ་ད་བར་སློབ་མ་༥༠༠༠ ལྷག་སློབ་ཐོན་ཟིན་འདུག་པའི་ཁྲོད་མང་པོ་ཞིག་བོད་པའི་སྤྱི་ཚོགས་ཞབས་ཞུ་སྒྲུབ་མུས་ཡིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎