ལྕམ་ནེན་སི་པེ་ལོ་སི་མཆོག་ཨ་རིའི་གྲོས་ཚོཊ་འོག་མའི་ཚོཊ་གཙོར་བསྐྱར་འདེམས་བྱུང་འདུག


2019.01.03
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)མཆོག ༢༠༡༩།༡།༣ ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)མཆོག ༢༠༡༩།༡།༣
AP

ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བསྐྱར་འདེམས་བྱུང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དགའ་བསུ་གནང་འདུག
དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་ལས་ཡུན་གྱི་བར་མའི་འོས་བསྡུའི་ཁྲོད། ཨ་རིའི་དམངས་གཙོ་ཆབ་སྲིད་ཚོགས་པར་འཐུས་མི་ ༢༤༤ དང་། སྤྱི་མཐུན་ཚོགས་པར་ ༡༩༩ བྱས་ཏེ། དམངས་གཙོ་ཆབ་སྲིད་ཚོགས་པར་མང་མོས་རྒྱལ་ཁ་བྱུང་ནས་ ༢༠༡༩ ཕྱི་ཟླ་ ༡ ཚེས་ ༣ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ལས་ཡུན་འདི་དབུ་འཛུགས་ཐོག་འཐུས་མི་གསར་འདེམས་བྱུང་བ་རྣམས་ཀྱིས་དམ་འབུལ་ཞུས་ཤིང་། སྐབས་ ༡༡༦ པའི་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མིར་སླར་ཡང་འདེམས་ཐོན་བྱུང་བའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)མཆོག་ལ་མང་མོས་ཀྱི་ཐོག་ནས་གྲོས་ཚོགས་ཀྱི་ཚོགས་གཙོར་འདེམས་བསྐོ་བྱུང་སྟེ། ཕྱི་ཟླ་ ༡ ཚེས་ ༣ ཉིན་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་འཁུར་དམ་འབུལ་ཞུས་ཤིང་། ཁོང་ནི་ཨ་མི་རི་ཀའི་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་གི་བུད་མེད་དབང་ཤུགས་ཆེ་ཤོས་དེ་ཆགས་ཡོད་པ་རེད།
ལྕམ་ནེན་སི་པེ་ལོ་སི་མཆོག་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་ཕེབས་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་དགའ་བསུ་ཞུས་གནང་ཞིང་། ཁོང་གིས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་ནས་ཞལ་པར་ཐོག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ། ལྕམ་སྐུ་པེ་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་འདེམས་བསྐོར་བྱུང་བའི་སྐོར་དྲ་ལམ་ཐོག་ནས་ཤེས་རྟོགས་བྱུང་སོང་བས་དགའ་བསུ་ཞུ་གི་ཡོད། ཁོང་མོ་ནི་ཨ་རིའི་ནང་གྲགས་ཅན་ཆབ་སྲིད་པ་ཞིག་དང་།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཞལ་ཞེ་གཉིས་མེད་ཀྱི་མཛའ་འབྲེལ་ཡོད་པ་དང་ཡིད་ཆེས་ཞུ་མཁན་མ་ཟད། བོད་དོན་ཐོག་ལ་བློ་གཅིག་སེམས་གཅིག་གི་ཐོག་ནས་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་པར་བརྟེན། ཡང་བསྐྱར་ཚོགས་གཙོར་ཕེབས་པར་དགའ་བསུ་དང་འཚམས་འདྲི་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད།
ལྕམ་ནེན་སི་པེ་ལོ་སི་མཆོག་ནི་སྤྱི་ལོ་༢༠༠༧་ལོར་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བའི་བུད་མེད་ཀྱི་འཐུས་མི་ཐོག་མ་དེ་ཆགས་ཡོད་པ་དང་། ༢༠༡༩ ལོའི་ཟླ་༡ ཚེས་༣ ཉིན་བསྐྱར་དུ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བ་ནི། གནད་དོན་དབྱེ་ཞིབ་པས་གཟིགས་ན། རྒྱ་ནག་གཞུང་ལའང་བོད་དོན་ཐོག་ལ་ཨ་མི་རི་ཀའི་ངོས་ནས་ད་དུང་སྔར་བས་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་ཞིག་འགྲོ་གི་ཡོད་པར་ངོས་འཛིན་གནང་མཁན་ཡང་ཡོད་པ་རེད། དེ་ཡང་ཨ་མི་རི་ཀའི་ནང་གནས་བཞུགས་བོད་དང་རྒྱ་ནག་ཐོག་ལ་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན། རྒྱ་ནག་གཞུང་གིས་ཨ་རིའི་ཆབ་སྲིད་ཀྱི་འཕོ་འགྱུར་ལ་བལྟས་སྐབས། ལྕམ་པེ་ལོ་སི་གྲོས་ཚོགས་ཚོགས་གཙོར་ཕེབས་པ་དེའི་ཐད་ལ་ཁ་ནས་གང་ཡང་མ་བཤད་ཀྱང་དོན་དམ་པས། བོད་དོན་ཐོག་ལ་རྒྱབ་སྐྱོར་གནས་རྒྱུ་ཡིན་པ་དང་། ད་དུང་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་དེ་ཁོང་ཚོའི་སེམས་ནང་ཡོད་རེད་ཅེས་གསུངས་སོང་།
རྩ་བའི་ལྕམ་ནེན་སི་པེ་ལོ་སི་མཆོག་བོད་ཀྱི་བདེན་དོན་དང་བོད་མིའི་གནས་སྟངས་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་མཁན་ཞིག་དང་། དམིགས་བསལ་༧གོང་ས་མཆོག་ལ་གུས་བཀུར་ཆེ་བསྟོད་ཞུས་གནང་མཁན་ཞིག་ཡིན་པ་ཡོངས་ཁྱབ་ཡིན་པ་མ་ཟད། ཕྱི་ལོ༡༩༨༧ལོར་ཨ་རིའི་གྲོས་ཚོགས་སུ་ནེན་སི་པེ་ལོ་སི་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཐོག་མ་ཞུས་ཡོད་པ་དང་། ལྷག་པར་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་སྐབས་གྲོས་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མུས་ཀྱི་གནས་སྐབས་ཤིག་མ་ཟད།
༢༠༠༨ལོར་བོད་ས་ཡོངས་ལ་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མིའི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཆེད་མངགས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་གྱི་མཛད་གཙོ་རྣམ་པ་མཇལ་འཕྲད་ཞུས་པ་སོགས་ཀྱི་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་བའི་རྣམ་འགྱུར་ཡང་གསལ་སྟོན་གནང་ཡོད་པ་རེད།
དེ་བཞིན་ ༢༠༡༧ ལོར་ཁོང་གིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོ་ཁག་ཅིག་ཡང་བསྐྱར་བཞུགས་སྒར་རྡ་རམ་ས་ལ་ཕེབས་བཅར་ཞུས་ཤིང་། སྐབས་དེར་ལྕམ་(Nancy Pelosi) མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་བོད་ནང་དུ་གཟིགས་སྐོར་ཕེབས་པའི་སྐོར་ལ་གསུང་དོན།  ང་ཚོ་སྐུ་ཚབ་འཐུས་མི་བཞི་བོ་བོད་དུ་བསྐྱོད་སྐབས་ཕོ་བྲང་པོ་ཏཱ་ལའི་༧རྒྱལ་བའི་གཟིམ་ཆུང་ནང་ང་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་སླར་ཡང་གཟིམ་ཆུང་དེར་གདན་འདྲེན་ཞུ་མ་ཐུབ་བར་དུ་རང་ནུས་གང་ཡོད་ཀྱིས་འབད་བརྩོན་ཞུ་རྒྱུའི་ཁས་ལེན་དམ་བཅའ་བཞག་པ་ཡིན་ཅེས་དང་།  རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་ངོམས་ནས་བོད་དོན་རྒྱབ་སྐྱོར་བ་ཚོར་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད། གལ་ཏེ་ང་ཚོས་རྒྱ་ནག་གི་དཔལ་འབྱོར་གྱི་གནོན་ཤུགས་ལ་བརྟེན་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པ་དེར་ངོ་རྒོལ་མ་བྱས་ཚེ་ང་ཚོས་འཛམ་གླིང་ས་ཕྱོགས་གཞན་གང་དུའང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་ལ་སྐད་ཆ་ཤོད་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་དེ་རང་བཞིན་གྱི་བརླག་རྒྱུ་རེད།  དེར་བརྟེན་ང་ཚོས་བོད་དོན་རྒྱབ་སྐྱོར་མཚམས་འཇོགས་ནམ་ཡང་བྱེད་རྒྱུ་མེད་ཅེས་གསུངས་ཡོད།
དེ་བཞིན་༢༠༡༨ལོར་ཨ་རིའི་གྲོས་ཚོགས་སུ་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞི་དེར་ཐོག་མར་གྲོས་ཚོགས་ནང་རྒྱབ་སྐྱོར་གནང་མཁན་གཙོ་བོ་གྲས་ཤིག་ཀྱང་ཆགས་ཀྱི་ཡོད་པ་དང་། ལྕམ་ནེན་སི་པེ་ལོ་སི་མཆོག་དང་ཐོག་ ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་འཐུས་མིར་འདེམས་ཐོན་བྱུང་ནས་ད་ཆར་ལོ་ངོ་ ༣༢ སོང་ཡོད་པ་རེད།།

གསར་འགོད་པ་བཀྲིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎