མི་མང་དང་འགོ་ཁྲིད་ཀྱི་རྣམ་དཔྱོད་ཟུང་འབྲེལ་གྱིས་མང་གཙོའི་ལམ་བུར་བསྐྱོད་དགོས་པ་རེད་ཅེས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་༣༠འཁོར་བའི་དུས་དྲན་ཐོག་གསུངས་པ།
བཞུགས་སྒར་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཙུགས་ནས་ལོ་ངོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་ཞིག་ཕྱི་ཟླ་ ༩ པའི་ཚེས་ ༤ ཉིན་སྲུང་བརྩི་གནང་བའི་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སང་རྒྱལ་སྤྱིའི་འགྲོ་སྟངས་ཀྱི་ཐོག་ནས་ཆབ་སྲིད་ཚོགས་པའི་ལམ་ལུགས་དགོས་པར་དགོངས་བཞེས་ཀྱིས་རྒྱལ་ཡོངས་མང་གཙོ་ཚོགས་པ་བཙུགས་པ་ཞིག་ཡིན་པས། རྣམ་པ་ཚོས་གསུངས་བ་རྣམས་ང་ཚོའི་ངོས་ནས་གལ་ཆེན་པོར་བརྩི་ཡི་ཡོད་པ་དང་། མ་འོངས་པར་ཡང་ང་ཚོས་གོམ་པ་ཇི་ལྟར་སྤོ་ནའང་མི་མང་གི་འདོད་པ་དང་། སྐབས་དང་དུས་སུ་འགོ་འཁྲིད་མཁན་གྱི་དགོངས་པ་བཞེས་ཕྱོགས་བཅས་མི་མང་དང་འགོ་ཁྲིད་ཀྱི་རྣམ་དཔྱོད་ཟུང་འབྲེལ་གྱི་ཐོག་ནས་མང་གཙོའི་ལམ་དུ་འགྲོ་ཐུབ་དགོས་པའི་སྐོར་གསལ་སྟོན་གནང་གི་འདུག
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་འདུན་ཚེ་འཕེལ་ལགས་ནས། ཕྱི་ལོ་༡༩༩༤ ལོ་ནས་ད་བར་མང་གཙོ་ཚོགས་པའི་རྒན་རབས་རྣམས་ཀྱིས་སྐུ་ལས་རབ་དང་རིམ་པར་བསྐྱོན་ཏེ། གྲུབ་འབྲས་ཀྱང་ཧ་ཅང་ཡག་པོ་ཐོབ་ཡོད་པས་མ་འོངས་པར་དེ་ཚོ་མཇུག་སྐྱོང་བྱ་རྒྱུ་གལ་ཆེན་པོ་དང་། ང་རང་ཚོགས་གཙོའི་མིང་ཁུར་བའི་ཆ་ནས་མཁས་དབང་རྣམ་པ་གདན་ཞུས་ཀྱིས་མ་འོངས་པར་མང་ཚོགས་ཁྲོད་མང་གཙོའི་གོ་རྟོགས་སྤེལ་རྒྱུ་དང་། ཆབ་སྲིད་ཀྱི་གོ་རྟོགས་སྤེལ་བ་སོགས་ཀྱི་ཐོག་ལས་ཀ་འབད་བརྩོན་གྱིས་གྲ་སྒྲིག་ཨང་གསར་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན་ཚེ་རིང་རྣམ་རྒྱལ་ལགས་ནས། ཁོང་ཚོས་མང་ཚོགས་ནང་གང་ཐུབ་ཅི་ཐུབ་ཀྱིས་མི་རིགས་ཀྱི་རྩ་དོན་དང་ཚོགས་པ་ཡར་རྒྱས་གཏོང་བ།ས་གནས་ཁག་ཏུ་ཕྱོགས་བསྐྱོད་དུ་འགྲོ་བ་སོགས་ཀྱི་འཆར་གཞི་བསྒྲིགས་ཡོད་པའི་སྐོར་འགྲེལ་བརྗོད་གནང་གི་འདུག
བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཙཱརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ། སློབ་སྟོན་པ་ཐུབ་བསྟན་སྙན་གྲགས་བཅས་སྐུ་མགྲོན་དུ་གདན་ཞུས་ཀྱིས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ལོ་རྒྱུས་བརྒྱུད་རིམ་ཞིབ་ཕྲ་སོགས་ངོ་སྤྲོད་གསུང་བཤད་གནང་ཡོད་ཅིང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ནང་། སྲིད་དོན་ཚོགས་པའི་ལམ་ལུགས་གལ་ཆེན་ཡིན་པའི་བཀའ་ཕེབས་དོན་བཞིན། ཕྱི་ལོ་ ༡༩༩༢ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༨ པའི་སྟེང་། སྲིད་དོན་ཚོགས་པ་གསར་འཛུགས་ཀྱི་གྲོས་ཆོད་བཞག་སྟེ་ཕྱི་ལོ་ ༡༩༩༤ ལོའི་ཟླ་ ༩ པའི་ཚེས་ ༢ ཉིན་མོར། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་མཚན་གནས་དང་ཁྲིམས་སྒྲིག་སོགས་གཏན་འབེབས་གནང་ཐུབ་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།