བལ་ཡུལ་གྱི་མི་དམངས་ཁག་ཅིག་ནས་ངོ་རྒོལ་ལས་འགུལ་སྤེལ་བ།

བལ་ཡུལ་མི་དམངས་ཁག་ཅིག་གིས་ངོ་རྒོལ་ལས་འགུལ་སྤེལ་ཏེ་རྒྱལ་སའི་ནང་ཚོང་ཁང་དང་མོ་ཊའི་འགྲིམས་འགུལ་ཚང་མ་མཚམས་འཇོག་བྱས་འདུག
2008-09-28
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བལ་ཡུལ་གྱི་མའོ་གྱེན་ལོག་ཤོག་ཁག་གིས་སྣེ་ཁྲིད་པའི་ཆབ་སྲིད་ཚོགས་པ་ཁག་ལས་གྲུབ་པའི་གཞུང་གསར་པས་བལ་ཡུལ་ནང་གི་ས་གནས་སོ་སོའི་དབང་ཚད་དུ་ཆེ་རུ་གཏང་རྒྱུར་དམིགས་ཏེ་མ་འོངས་པར་བལ་ཡུལ་ནང་རང་སྐྱོང་གི་གནས་བབ་ལྡན་པའི་ཞིང་ཆེན་ཁག་འགའ་ཤས་ཆ་བགོས་བྱ་རྒྱུའི་འཆར་གཞིར་མི་དམངས་ཁག་ཅིག་གིས་འདོད་མོས་མ་བྱུང་བར་ངོ་རྒོལ་ལས་འགུལ་སྤེལ་ཏེ་དེ་རིང་བལ་ཡུལ་གྱི་རྒྱལ་སའི་ནང་ཚོང་ཁང་དང་མོ་ཊའི་འགྲིམས་འགུལ་ཚང་མ་མཚམས་འཇོག་བྱས་ཡོད་པ་རེད།

དེ་ཡང་ཆབ་སྲིད་ཚོགས་པ་ཁག་མནའ་སྦྲེལ་གྱི་སྐྱོང་བཞིན་པའི་ད་ལྟའི་བལ་པོའི་གཞུང་དེ་ཡིས་བལ་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པ་གཏན་འབེབས་ཡོང་རྒྱུ་དེའི་ནང་ལ་རྒྱལ་ཁབ་ཀྱི་མ་འོངས་པའི་ལམ་ལུགས་ནི་བལ་པོའི་དབུས་གཞུང་གི་འཛིན་སྐྱོང་གི་དབང་ཆའི་འོག་ལ་ས་གནས་ལ་དབང་ཚད་ལྡན་པའི་རང་སྐྱོང་གི་ཐོབ་ཐང་ཡོད་པའི་ཞིང་ཆེན་འགའ་ཤས་སུ་ཁག་བགོས་བྱ་རྒྱུའི་མོས་མཐུན་བྱུང་ཡོད་ཅིང༌། ཡིན་ནའང་བལ་ཡུལ་གཞུང་གི་དཔོན་རིགས་དང་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསུངས་ན། གཞུང་གིས་ས་གནས་ལ་རང་སྐྱོང་གི་དབང་ཚད་ལྡན་པའི་ཐོབ་ཐང་སྤྲོད་རྒྱུའི་ཐག་གཅོད་ལ་མོས་མཐུན་མི་བྱེད་མཁན་གྱི་མི་དམངས་ཚོས་དེ་རིང་ཉིན་གཅིག་རིང་རྒྱལ་སའི་ནང་འགྲིམས་འགྲུལ་དང་ཚོང་ལས་མཚམས་འཇོག་གི་ངོ་རྒོལ་ལས་འགུལ་སྤེལ་བའི་སྐོར་གསུངས་ཡོད་ཅིང༌། ལས་འགུལ་དེ་ནི་བལ་ཡུལ་རྒྱལ་ཡོངས་མི་དམངས་མདུན་བསྐྱོད་ཅེས་པ་གཡོན་ཕྱོགས་ཚོགས་པས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་ཚོགས་པ་དེའི་འགོ་ཁྲིད་ཆི་ཏྲ་སྦ་ཧ་རྡུར་ཀེ་སི་ཞུ་བས་ཁོང་གི་ཚོགས་པའི་ངོས་ནས་དབུས་གཞུང་གི་ལམ་ལུགས་དེར་ངོས་ལེན་ཞུ་ཐབས་མེད་པ་དང་ལམ་ལུགས་དེ་ཡིས་རྒྱལ་ཁབ་ཆིག་སྒྲིལ་གྱི་ནུས་པ་ཉམས་རྒུད་འགྲོ་རྒྱུ་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།