བལ་ཡུལ་ནང་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེའི་ཁྲོད་ཉུང་མཐར་མི་གྲངས་༢༠༠ལྷག་གི་ཚེ་སྲོག་ཤོར་འདུག

2024.10.01
བལ་ཡུལ་ནང་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེའི་ཁྲོད་ཉུང་མཐར་མི་གྲངས་༢༠༠ལྷག་གི་ཚེ་སྲོག་ཤོར་འདུག བལ་ཡུལ་ནང་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་བྱུང་ཡུལ་རྒྱལ་ས་(Kathmandu) ༠༩།༢༨།༢༠༢༤
AP

ཉེ་བའི་ཉིན་ཤས་རིང་བལ་ཡུལ་ནང་ཉིན་གྲངས་བསྟུད་མར་ཆར་པ་ཤུགས་ཆེ་འབབ་པའི་རྐྱེན་གྱིས་ཆུ་ལོག་དང་ས་རུད་ཤུགས་ཆེ་བརྒྱབ་ནས་ད་བར་མི་གྲངས་༢༠༠ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་མུ་མཐུད་དུ་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་བཞིན་ཡོད་འདུག་ལ། ཆུ་ལོག་དང་ས་རུད་ཤུགས་ཆེ་བརྒྱབ་པའི་ཁྲོད་མི་མང་པོར་རྨས་སྐྱོན་ཕོག་པ་དང་། མི་མང་པོ་བོར་བརླག་སོང་ཡོད་པར་བརྟེན་མིའི་ཚེ་སྲོག་ཤོར་བའི་གྲངས་ཀ་དེ་ཡང་ཇེ་མང་དུ་འགྲོ་སྲིད་པ་རེད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བལ་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་སུ་བཅར་འདྲི་ཞུས་སྐབས། ད་རེས་བལ་ཡུལ་ནང་ཉིན་གྲངས་གསུམ་རིང་བསྟུད་མར་ཆར་པ་ཤུགས་ཆེ་འབབ་པའི་རྐྱེན་གྱིས་ཆུ་ལོག་གི་གནོད་འཚེ་དེ་བལ་ཡུལ་གྱི་རྫོང་ཁག་༢༥ལྷག་ནང་བྱུང་ཡོད་པ་མ་ཟད། བོད་དང་བལ་ཡུལ་གྱི་ས་མཚམས་གཉའ་ལམ་དང་སྐྱིད་གྲོང་སོགས་སུ་ལམ་དང་ཟམ་པ་ཆད་པ་སོགས་ཀྱི་དཀའ་ངལ་བྱུང་ཡོད་པ་གོ་ཐོས་བྱུང་། ཡིན་ན་ཡང་བལ་ཡུལ་གྱི་རྒྱལ་ས་དང་། གྲོང་ཁྱེར་སྤོག་ར། ས་མཚམས་ས་ཁུལ་བཅས་སུ་བོད་མི་གནས་སྡོད་བྱ་ཡུལ་ཁག་ལ་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་དང་བོད་མིའི་ཚེ་སྲོག་ཤོར་བ་སོགས་ཀྱི་གནས་ཚུལ་བྱུང་མེད་པ་གསུངས་བྱུང་།

Nepal Floods ap 2024 (2).jpg
བལ་ཡུལ་ནང་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་བྱུང་ཡུལ། ༠༩།༢༩།༢༠༢༤ པར། AP


གཞན་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་དོན་འབྲེལ་འཐུད་པ་བཟང་པོ་བླ་མ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བལ་ཡུལ་ནང་དབྱར་ཁའི་ཆར་དུས་དང་ལྷག་པར་ཆར་ཤུགས་ཆེ་བའི་སྐབས་ཆུ་བཞུར་ས་མེད་པ་དང་ཆུ་བཞུར་ས་ཆུང་དྲགས་པ་སོགས་ཀྱི་རྐྱེན་གྱིས་རྣམ་རྒྱུན་དཀའ་ངལ་ཡོང་བཞིན་པ་དང་། ཐ་ན་མཆོད་རྟེན་སྐོར་ལམ་ཆུས་བཀང་ནས་དཀའ་འཕྲད་བཞིན་ཡོད། ད་ཐེངས་ལོ་མང་རིང་བྱུང་མ་མྱོང་བའི་ཆར་ཤུགས་ཆེན་པོ་ཉིན་གྲངས་གསུམ་བསྟུད་མར་བྱུང་བའི་ཁྲོད་མིའི་ཚེ་སྲོག་ཤོར་བ་སོགས་ཀྱི་དཀའ་ངལ་འཕྲད་ས་གཙོ་དེ་(Bagmati River)་གཙང་པོ་གཙོས་བལ་ཡུལ་ནང་ཡོད་པའི་གཙང་བོ་གསུམ་གྱི་འགྲམ་བརྒྱུད་དུ་རེད། ཆར་ཤུགས་ཆེ་དྲགས་ནས་གློ་བུར་དུ་གཙང་བོའི་ཆུ་འབྲུབ་པ་དང་ས་རུད་རྒྱབ་པ་སོགས་ཀྱི་ཁྲོད་མིའི་ཚེ་སྲོག་ཤོར་བ་དང་མི་རྒྱུ་གཉིས་ལ་གོད་ཆག་ཐེབས་ཡོད། ཡིན་ན་ཡང་ད་བར་དུ་བལ་ཡུལ་ནང་གི་བོད་མི་གནས་སྡོད་བྱ་ཡུལ་ཁག་ལ་ཆུ་ལོག་གི་གནོད་འཚེ་དང་མིའི་ཚེ་སྲོག་ཤོར་ཡོད་པ་སོགས་ཀྱི་གནས་ཚུལ་གོ་ཐོས་བྱུང་མེད་པ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་བལ་ཡུལ་ནང་གནས་སྡོད་བོད་མི་ཁག་ཅིག་ལ་ཆུ་ལོག་གི་གནོད་འཚེ་ཐེབས་ཡོད་མེད་རྩད་གཅོད་ཞུས་སྐབས་འབྲེལ་བ་བྱེད་ས་བོད་མི་ཚོས་ད་ཐེངས་ཆུ་ལོག་ས་རུད་ཀྱི་གོད་ཆག་ཁྲོད་བོད་མིའི་ཚེ་སྲོག་ལ་གནོད་སྐྱོན་བྱུང་བའི་གནས་ཚུལ་གོ་ཐོས་མེད་པ་ངོ་སྤྲོད་གནང་བྱུང་།
སྤྱིར་བལ་ཡུལ་ནང་ད་རེས་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པ་དེ་འདས་པའི་ལོ་ངོ་༧༠་ནང་ཚབས་ཆེ་ཤོས་དེ་ཡིན་པ་དང་། ཆུ་ལོག་གི་གནོད་འཚེ་ཕོག་ཡུལ་གཙོ་བོ་བལ་ཡུལ་གྱི་རྒྱལ་སའི་ཉེ་འགྲམ་དུ་གཙང་པོ་ཆེན་པོ་གསུམ་ཡོད་པ་རྣམས་ཆར་ཤུགས་ཀྱིས་ཆུ་འབྲུབ་ནས་གཙང་པོའི་གཡས་གཡོན་དུ་ཡོད་པའི་གྲོང་མི་ཚོར་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་བྱུང་ཡོད་པ་རེད་འདུག
གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐ་མན་ཀྲོའུ་དང་ཉེ་འཁོར་གྱི་རྫོང་ཁག་ཕལ་ཆེ་བའི་ནང་ཆར་ཤུགས་ཆེ་བའི་རྐྱེན་གྱིས་ཆུ་ལོག་དང་ས་རུད་ཤུགས་ཆེ་རྒྱབ་ནས་ད་བར་མི་གྲངས་༢༠༠ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། དེ་ནི་ཉེ་བའི་ལོ་ཤས་ནང་བལ་ཡུལ་ནང་ཆུ་ལོག་གི་འཇིགས་པ་བྱུང་བ་ཚབས་ཆེ་ཤོས་དེ་ཡིན་པ་རེད། བལ་ཡུལ་དང་རྒྱ་གར་གྱི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ལྟར་ན། བལ་ཡུལ་ནང་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེའི་ཁྲོད་མི་གྲངས་༢༠༠ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་༨༩ལ་རྨས་སྐྱོན་ཚབ་ཆེ་ཕོག་ཡོད་འདུག དེ་བཞིན་ད་བར་མི་གྲངས་༣༣གར་སོང་ཆ་མེད་དུ་གྱུར་ཡོད་འདུག ད་བར་བལ་ཡུལ་གྱི་དམག་མི་དང་ཉེན་རྟོག་པ་སོགས་ཀྱིས་མི་གྲངས་༤༥༠༠ལྷག་གི་ཚེ་སྲོག་སྐྱོབ་ཐུབ་པ་བྱུང་ཡོད་ཅིང་། ཛ་དྲག་རྨས་སྐྱོན་ཕོག་པ་རྣམས་ལ་རིན་མེད་སྨན་བཅོས་དང་། བཟའ་ཆས། ཛ་དྲག་གི་དགོས་མཁོའི་རིགས་རིན་མེད་གནང་བཞིན་ཡོད་འདུག་ལ། ཆུ་ལོག་གི་རྐྱེན་ངན་བྱུང་བའི་ས་ཁུལ་ཁག་ཏུ་བཟའ་ཆས་དང་། འཐུང་ཆུ་ འཕྲོད་བསྟེན་གྱི་སྨན་བཅོས་སོགས་མི་འདང་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།


གསར་འགོད་པ། འཆི་མེད། རིག་ལྡན་སྒྲོལ་མ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་ལོ་གསར་དང་སྟབས་བསྟུན་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཁྲིམས་ཡིག་ཉན་ཞིབ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎