བལ་ཡུལ་གྱི་སྲིད་བློན་གྱིས་འཚམས་གཟིཊ་ཐོག་མ་རྒྱ་གར་ལ་གནང་བ།


2016-09-15
Share
བལ་ཡུལ་གྱིས་གསར་དུ་བདམས་པའི་སྲིད་བློན་Pushpa Kamal Dahal་འམ་ཡོངས་གྲགས་སུ་Prachanda་མཆོག ༢༠༡༦།༨།༢ བལ་ཡུལ་གྱིས་གསར་དུ་བདམས་པའི་སྲིད་བློན་Pushpa Kamal Dahal་འམ་ཡོངས་གྲགས་སུ་Prachanda་མཆོག ༢༠༡༦།༨།༢
Ekantipur

བལ་ཡུལ་གྱི་སྲིད་བློན་མཆོག་རྒྱ་གར་དུ་ཉིན་བཞིའི་རིང་གཞུང་དོན་འཚམས་གཟིགས་སུ་ཕེབས་ཐོན་གནང་ཡོད་འདུག
དེ་ཡང་རྒྱ་གར་གྱི་སྲིད་བློན་Narendra Modi་མཆོག་གིས་མགྲོན་འབོད་གནང་བ་བཞིན་ བལ་ཡུལ་གྱི་སྲིད་བློན་Pushpa Kamal Dahal་མཆོག་གིས་སྣེ་ཁྲིད་འོག མི་སྣ་༡༢༥་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་རྒྱ་གར་ནང་གཞུང་དོན་འཚམས་གཟིགས་སླད་འདི་ཚེས་༡༥་རེས་གཟའ་ཕུར་བུའི་ཉིན་ཕེབས་ཐོན་གནང་འདུག
བལ་ཡུལ་གྱི་སྲིད་བློན་ལྷན་དུ་ཁོང་གི་སྐུ་ཟླ་དང་། མཐོ་རིམ་བློན་ཆེན་གཉིས། གཞུང་ཞབས་མཐོ་རིམ་མི་སྣ་ཁག་ཅིག གཞན་གསར་འགོད་པ་དང་ཚོང་པའི་སྐུ་ཚབ་མི་སྣ་བཅས་ལྷན་བཅར་ཞུས་ཡོད་པ་དང་། འཚམས་གཟིགས་འདི་ནི་ཉེ་སྔོན་ཕྱི་ཟླ་༨་པའི་ནང་། སྐུ་ཞབས་Pushpa Kamal Dahal་མཆོག་བལ་ཡུལ་གྱི་སྲིད་བློན་དུ་འདམས་ཐོན་བྱུང་པའི་རྗེས། རྒྱ་གར་ནང་གཞུང་དོན་ཕྱོགས་ཕེབས་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
རྒྱ་གར་ནང་བལ་ཡུལ་གྱི་སྲིད་བློན་མཆོག་གི་མཛད་འཆར་གལ་ཆེ་ཁོངས་སུ། ཚེས་༡༦་རེས་གཟའ་པ་སངས་ཉིན། རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་བློན་Modi་མཆོག་དང་མཇལ་འཕྲད་གནང་རྒྱུ་དང་། དེ་རྗེས་ད་རེས་ཀྱི་མཇལ་འཛོམས་འདིའི་བརྒྱུད་རྒྱལ་ཁབ་གཉིས་དབར་གྲོས་མཐུན་གཏན་འབེབས་བྱུང་བ་ཁག་ལ་མཚན་རྟགས་བཀོད་དེ་ཟུང་འབྲེལ་གྱི་གསར་འགོད་ལྷན་ཚོགས་ཐོག་གསལ་བསྒྲགས་གནང་རྒྱུ་སོགས་གསལ་འདུག
བལ་ཡུལ་གྱི་སྲིད་བློན་མཆོག་གི་ཕྱི་འབྲེལ་སློབ་སྟོན་པ་Rishiraj Adhikari་ཡིས་གསུངས་པ་ལྟར་ན། རྒྱུན་རིང་ནས་རྒྱལ་ཁབ་གཉིས་དབར་བལ་ཡུལ་ནང་ཟུང་འབྲེལ་གྱི་ཆུ་ཤུགས་གློག་ཁང་འཛུགས་རྒྱུའི་ལས་དོན་མདུན་སྐྱོད་ཆེད་ད་རེས་ཀྱི་གཞུང་འབྲེལ་འཚམས་གཟིགས་འདིའི་ཐོག་གྲོས་མཐུན་གཏན་འབེབས་ཡོང་རྒྱུའི་རེ་བ་གནང་ཀྱི་ཡོད་པ་དང་། དེ་བཞིན་བལ་ཡུལ་ནང་ས་ཡོམ་གྱི་རྐྱེན་པས་བཤིག་གསོ་དང་བསྐྱར་གསོའི་ལས་དོན་ཆེད། རྒྱ་གར་ནས་མ་གནས་ཨ་སྒོར་ཐེར་འབུམ་གཅིག་གི་བུ་ལོན་སྔ་གཡར་ཡོང་རྒྱུའི་དམིགས་ས་བཞེས་ཀྱི་ཡོད་པའི་སྐོར་རྒྱ་གར་གྱི་IANS་གསར་ལས་ཁང་ལ་གསལ་འདོན་གནང་འདུག
སྔོན་འཆར་ལྟར་ན་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་Xi Jinping་མི་རིང་བའི་ཕྱི་ཟླ་ ༡༠་པའི་ནང་བལ་ཡུལ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུ་བྱས་ཡོད་ཀྱང༌། ད་ཆ་གནས་སྐབས་འཚམས་གཟིགས་གཏན་འཁེལ་མ་བྱུང་བར་ལུས་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།