བལ་ཡུལ་གྱི་སྲིད་འཛིན་གསར་པས་གསུང་བཤད་གནང་བ།

བལ་ཡུལ་གྱི་སྲིད་འཛིན་ཐོག་མ་ཡ་རྡལྦ་མཆོག་གིས་གཞུང་གསར་འཛིན་གསར་པ་གཏན་འབེབས་དགོས་ལུགས་གསུང་བཤད་གནང་འདུག
2008-07-27
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བལ་ཡུལ་ནང་སྲིད་འཛིན་ཐོག་མ་ རམ་སྦ་རན་ ཡ་རྡལྦ་ མཆོག་གིས་གཞུང་གསར་འཛིན་གསར་པ་གཏན་འབེབས་དགོས་ལུགས་གསུངས་བཤད་གནང་འདུག།

འདི་ལོ་ཕྱི་ཟླ་བཞི་པའི་ནང་རྒྱལ་ཡོངས་འོས་བསྡུའི་རྗེས་སུ་རྒྱལ་པོ་རིང་ལུགས་མེད་པ་བཟོས་ཏེ་བདུན་ཕྲག་གཅིག་གོང་སྲིད་འཛིན་དང་སྲིད་འཛིན་གཞོན་པ་འོས་འདེམས་གནང་ཡོད་རུང་མནའ་འབྲེལ་གྱི་གཞུང་གསར་པ་གཏན་འབེབས་གནང་ཕྱོགས་ཐད་ད་ལྟའི་སྐབས་སུ་གྲོས་མཐུན་བྱུང་མེད་པ་རེད་ རེས་གཟའ་ཉི་མའི་ཕྱི་དྲོ་སྲིད་འཛིན་ རམ་སྦ་རན་ ཡ་རྡལྦ་ མཆོག་གིས་སྲིད་དོན་ཚོགས་པ་ཆེ་ཁག་ཚོར་གཞུང་གསར་པ་གཏན་འབེབས་གནང་དགོས་ལུགས་ལམ་སྟོན་གནང་རྒྱུ་ཡིན་ལུགས་སྲིད་འཛིན་གྱི་དྲུང་ཆེ་ རམ་ཧ་རི་ ཨར་ཡལ་ གྱིས་གསར་འགོད་པར་གསུངས་གནང་འདུག འོས་བསྡུའི་སྐབས་མའོ་ཤོག་ཁག་ལ་གྲོས་ཚོགས་ཀྱི་འོས་ཤོག་གསུམ་ཆ་གཅིག་ཐོབ་ཡོད་ཀྱང་ཚོགས་པ་རང་ཉིད་ཀྱིས་གཞུང་འཛིན་ཐུབ་པའི་རྒྱལ་ཁ་མ་ཐོབ་པ་རེད་ འོན་ཀྱང་ཚོགས་པ་ཆེ་ཤོས་ཡིན་པའི་ཆ་ནས་སྲིད་བློན་དང་གཞུང་འཛིན་གཙོ་བོ་མའོ་ཤོག་ཁག་གིས་བྱ་རྒྱུའི་ཚོད་དཔག་བྱས་ཡོད་ཀྱང་ ཀོང་རེ་སི་དང་ མའཀ་སེ་སི་ ལེ་ནིན་དམར་ཤོག་ཚོགས་པ་གཉིས་ཁ་མཐུན་ནས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་གོ་གནས་མའོ་ཤོག་ཁག་ལ་སྤྲད་མེད་པ་རེད་ དེ་འདྲར་བརྟེན་ནས་མའོ་ཤོག་ཁག་གིས་གཞུང་འཛིན་ནང་མཉམ་ཞུགས་བྱ་རྒྱུ་མིན་པའི་བརྡ་ཡང་བཏང་ཡོད་རེད་ འོན་ཀྱང་ད་ཆ་མའོ་ཤོག་ཁག་གིས་དངོས་ཡོད་གནས་ཚུལ་ངོས་ལེན་གྱིས་སྲིད་བློན་གྱི་གོ་གནས་ལེན་ཏེ་གཞུང་འཛིན་བྱ་རྒྱུའི་ཁས་ལེན་གནང་འདུག་ཀྱང་ དེ་ལྟར་བྱེད་པ་ལ་ཆ་རྐྱེན་གཉིས་སྟོན་ཡོད་འདུག གཅིག་ནི་ ལོ་གཉིས་རིང་ཕྱོགས་འགལ་ཚོགས་པས་གཞུང་མགོ་བརྟིང་མི་སློག་རྒྱུ་དང་ གཉིས་པ་དེ་ དགོས་ངེས་ཀྱི་ལས་འཆར་ཁྲིམས་ལུགས་གཏན་འབེབས་བྱེད་ཆོག་པ་བཅས་ཡིན་པ་རེད་ འོན་ཀྱང་ཀོང་རེ་སི་དང་ མའཀ་སེསི་ལེ་ནིན་ཆིག་སྒྲིལ་ཚོགས་པ་གཉིས་ཀྱིས་དགོས་འདུན་དེ་གཉིས་ངོས་ལེན་བྱེད་ཀྱི་མེད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།