མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་ལེགས་འགྲུབ་བྱུང་འདུག

2016-11-22
གློག་འཕྲིན།
མཆན།
Share
པར་བཀོད།
བལ་ཡུལ་གྱི་ནང་བའི་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོ།
བལ་ཡུལ་གྱི་ནང་བའི་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོ།
མཐུན་འགྱུར་པར་རིས།

བལ་ཡུལ་ནང་ན་ནིང་ས་ཡོམ་གྱི་གནོད་འཚེ་ཕོག་པའི་སྐབས་བལ་ཡུལ་གྱི་རྒྱལ་ས་ཀཱཐ་མཎ་ཀྲོའུ་ནང་གི་ནང་བའི་མཆོད་རྟེན་བྱ་རུང་ཁ་ཤོར་ལ་སེར་ཁ་གས་ནས་འདས་པའི་ལོ་གཅིག་ཙམ་རིང་ཞིག་གསོ་བྱས་རྗེས། ལྷ་བབ་དུས་ཆེན་ཉིན་རབ་གནས་དང་དེ་རྗེས་ལེགས་འགྲུབ་ཀྱི་མཛད་སྒོ་སྤེལ་བའི་ཐོག་བལ་ཡུལ་གྱི་སྲིད་བློན་མཆོག་ཕེབས་ཡོད་འདུག
དེ་ཡང་མཆོད་རྟེན་ཞིག་གསོའི་ལས་གཞི་དེ་བཞིན་ན་ནིང་ཕྱི་ཟླ་བཞི་པའི་ནང་འགོ་བཙུགས་བྱས་ཡོད་པ་དང་། ཞིག་གསོའི་ལས་གྲའི་ནང་ཁྱོན་མ་དངུལ་ཨ་སྒོར་ས་ཡ་གཉིས་ལྷག་དང་གསེར་རྒྱ་མ་དྲུག་ཅུ་རེ་དྲུག་ཙམ་གྱི་འགྲོ་གྲོན་བཏང་ཡོད་པའི་སྐོར་མཆོད་རྟེན་ཁུལ་འཕེལ་རྒྱས་ཚོགས་ཆུང་གིས་འགྲེལ་བརྗོད་བྱས་ཡོད་འདུག
མཆོད་རྟེན་ཞིག་གསོ་ལེགས་འགྲུབ་ཀྱི་མཛད་སྒོའི་ཐོག་དགེ་འདུན་པ་ཚོས་ཆོས་ལུགས་ཀྱི་བྱེད་སྒོའི་འོག་མཛད་སྒོ་འགོ་ཚུགས་གནང་ཡོད་ཅིང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བལ་ཡུལ་གྱི་སྲིད་བློན་Pushpa Kamal Dahal་ནས་གསུང་བཤད་གནང་སྐབས། མཆོད་རྟེན་ཞིག་གསོ་ལེགས་འགྲུབ་བྱུང་བ་དེ་ནི་སྤོབས་པ་སྐྱེས་འོས་པའི་ལས་འགན་ཞིག་ལེགས་འགྲུབ་བྱུང་བ་མ་ཟད། དེས་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་ཞིག་གསོའི་ལས་དོན་ཡར་རྒྱས་འགྲོ་བཞིན་པའི་མཚོན་རྟགས་ཤིག་ཀྱང་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་འདུག
UNESCO་ཞེས་འཛམ་གླིང་རྩ་ཆེའི་གནའ་ཤུལ་རིག་གནས་བདག་གཅེས་སྲུང་སྐྱོབ་ཐེབས་རྩས་བལ་ཡུལ་གྱི་མཆོད་རྟེ་བྱ་རུང་ཁ་ཤོར་དེ་བཞིན་དུས་རབས་ལྔ་པའི་སྐབས་སུ་གསར་བཞེངས་བྱས་པ་དང་། མཆོད་རྟེན་ཞིག་གསོ་དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་ནང་པའི་ཆོས་ཚོགས་སོགས་ཀྱིས་ཞལ་འདེབས་ཕུལ་ནས་ཞིག་གསོ་བྱས་པ་ཞིག་ཡིན་པ་བརྗོད་འདུག    
མཆོད་རྟེན་ཞིག་གསོ་ལེགས་འགྲུབ་མཛད་སྒོར་ཕེབས་པའི་ཟླ་བ་བླ་མ་ཞུ་བས། མཆོད་རྟེན་ཞིག་གསོ་གནང་བའི་རིང་ཁོང་ཉིན་ལྟར་མཆོད་རྟེན་ཞིག་གསོ་བྱེད་པར་ཕེབས་ཡོད་པ་དང་། ས་ཡོམ་གྱི་འགུལ་ཤུགས་ཀྱིས་མཆོད་རྟེན་ལ་སེར་ཁ་གས་པ་མཐོང་དུས་སེམས་སྡུག་ཆེན་པོ་བྱུང་ཅིང་། ད་ལྟ་མཆོད་རྟེན་སླར་ཡང་མཇལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བའི་སྐོར་ཧྥ་རན་སི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག
སྤྱིར་བལ་ཡུལ་ནང་ལོ་ལྟར་ཡུལ་སྐོར་སྤྲོ་འཆམ་དང་གནས་མཇལ་དུ་ཡོང་མཁན་འཛམ་གླིང་ཡུལ་གྲུ་གང་ས་ནས་མི་འབོར་ཧ་ཅང་ཆེན་པོ་ཡོང་གི་ཡོད་པ་དང་། མཆོད་རྟེན་བྱ་རུང་ཁ་ཤོར་མཇལ་བར་ཡོང་མཁན་ལོ་གཅིག་ལ་མི་གྲངས་ཁྲི་སུམ་ཅུ་ཡས་མས་ཡོང་གི་ཡོད་འདུག ཡིན་ན་ཡང་ན་ནིང་བལ་ཡུལ་ནང་ས་ཡོམ་གྱི་གནོད་འཚེ་ཕོག་པའི་རྗེས་ཡུལ་སྐོར་སྤྲོ་འཆམ་དང་གནས་སྐོར་དུ་ཡོང་མཁན་གྱི་མིའི་གྲངས་འབོར་རྒྱུན་ལྡན་ལས་ལྡབ་གཅིག་ཙམ་ཉུང་དུ་ཕྱིན་ཡོད་པ་རེད།

གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།