རྒྱ་ནག་གིས་པཎ་ཆེན་དུ་བསྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཕེབས་རྒྱུར་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ།
དེ་ཡང་ཉིན་ཤས་གོང་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ནང་། ཟླ་༡༢ བའི་ཚེས་ ༡༤ ནས་ ༡༧ བཅས་ཉིན་གྲངས་བཞིའི་རིང་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་བལ་ཡུལ་གྱི་ནང་པའི་གནས་ཆེན་ལུམ་བི་ནི་ (Lumbini) རུ་འཚོགས་འཆར་ཡོད་པའི་ལྷོ་ཨེ་ཤེ་ཡའི་རྒྱ་ནག་རྒྱ་མཚོའི་ནང་པའི་ཚོགས་འདུ་ཐེངས་ ༩ སྟེང་རྒྱ་ནག་གིས་པཎ་ཆེན་དུ་བསྐོ་བཞག་བྱས་པ་རྒྱལ་མཚན་ནོར་བུ་ཕེབས་འཆར་ཡོད་པའི་གནས་ཚུལ་སྤེལ་ཡོད། འོན་ཀྱང་བལ་ཡུལ་གྱི་ཀཐ་མན་ཌྲུ་དུས་བབ་ (The Kathmandu Post) གསར་འགྱུར་ཁང་གིས་སྤྱི་ཚེས་༡༢ཉིན་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཁང་ལ། བལ་ཡུལ་ནི་ཆོས་ལུགས་ཀྱི་གནད་དོན་ཐད་བར་གནས་ཀྱི་ལངས་ཕྱོགས་འཛིན་མཁན་རྒྱལ་ཁབ་ཞིག་ཡིན་པས་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཡོང་རྒྱུར་ངོས་ལེན་བྱེད་ཐབས་མེད་པའི་ལན་འདེབས་བྱས་ཡོད་ལུགས་བཀོད་འདུག
ཉིན་ཤས་སྔོན་རྒྱ་ནག་གིས་བསྐོ་བཞག་བྱས་བའི་བལ་ཡུལ་དུ་ཕེབས་རྒྱུ་ཡིན་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་ནང་གནས་ཚུལ་སྤེལ་ཡོད་ཀྱང་། བལ་ཡུལ་གཞུང་དང་རྒྱ་ནག་གཞུང་གིས་དེ་དངོས་འབྲེལ་ཡིན་པའི་ཚིག་ཐག་ཆོད་པའི་གནས་ཚུལ་གང་ཡང་ཕྱི་བསྒྲགས་བྱས་མེད་པ་རེད།
ལུམ་བི་ནི་ཡར་རྒྱས་དགེ་རྩ་ཚོགས་པའི་འགན་འཛིན་ (Lyarkal Lama) ལགས་ཀྱིས། རྒྱ་ནག་གིས་བསྐོ་བཞག་བྱས་བའི་འདས་པའི་ལོ་བཅུ་ཙམ་ནས་བལ་ཡུལ་དུ་ཕེབས་རྒྱུ་འབད་བརྩོན་གནང་ཡོད་པ་དང་། ཁོང་ནི་དབང་ཤུགས་ཅན་གྱི་མི་སྣ་ཞིག་ཡིན་པས་བལ་ཡུལ་སྲིད་གཞུག་གི་ཆོག་མཆན་མེད་པ་ཡོང་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག
ཡང་ཀཐ་མན་ཌྲུ་དུས་བབ་ (Kathmandu Post) གསར་ལས་ཁང་གི་གནས་ཚུལ་ནང་། བལ་ཡུལ་གཞུང་གི་ལྷན་ཁང་འདྲ་མིན་གྱི་དཔོན་རིགས་གསུམ་ནས་གོང་ཞུས་གསར་འགྱུར་ཁང་ལ་བརྗོད་ན། ཕྱི་ཟླ་ ༡༢ ཟླ་དཀྱིལ་ཙམ་ལ་བལ་ཡུལ་དུ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་རྗེས། བལ་ཡུལ་གྱི་ཕྱི་འབྲེལ་སྡེ་ཚན་ཁག་ཅིག་གི་ནང་ཛ་དྲག་གནས་སྟངས་བྱུང་ཡོད་པ་རེད་ལ། བལ་ཡུལ་གྱི་ནང་སྲིད་དང་ཡུལ་སྐོར་ལྷན་ཁང་གི་དཔོན་རིགས་ཚོས་རྒྱ་ནག་རྒྱལ་སྤྱིའི་མཁའ་འགྲུལ་སྤྱི་གཉེར་ཁང་གི་ཁྲིན་ཏུའུ་ནས་ལུམ་བི་ནིར་འཕུར་བའི་འགྲུལ་པའི་མིང་ཐོར་ཞིབ་བཤེར་བྱས་ཀྱང་རྒྱལ་མཚན་ནོར་བུའི་མིང་མེད་སྐོར་བརྗོད་འདུག་ལ། གཅིག་བྱས་ན་ཁོང་ལ་མིང་གཞན་དང་ཕྱི་བསྐྱོད་ལག་འཁྱེར་མི་འདྲ་བ་ཡོད་སྲིད་ཀྱང་། དེ་རིགས་སྤྱད་ནས་བལ་ཡུལ་ལ་ཡོང་ན་ཆབ་སྲིད་ཀྱི་གནད་དོན་ལྷག་རྒྱུ་ཡིན་པ་སོགས་གནས་ཚུལ་ནང་འཁོད་འདུག
རྒྱ་ནག་གིས་པཎ་ཆེན་དུ་བསྐོ་བཞག་བྱས་པ་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་དངོས་སུ་ཡོང་གི་ཡོད་མེད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་རྩད་གཅོད་བྱས་ཀྱང་ངེས་གཏན་གྱི་གནས་ཚུལ་རག་ཐུབ་མེད།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ལུམ་བི་ནི་ནི་ནང་པ་སངས་རྒྱས་པའི་གནས་རྩ་ཆེན་ཞིག་ཆགས་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་གནས་འདི་ལྟ་བུ་བེད་སྤྱོད་དང་། རྒྱལ་མཚན་ནོར་བུ་ཆེད་དུ་གནས་དེར་བཏང་བ་ནི་ཡོངས་ཁྱབ་ཐོག་ནང་བསྟན་གྱི་བདག་དབང་གི་གོ་སྐབས་འཛིན་ཐབས་བྱེད་བཞིན་པ་ཞིག་དང་། གནས་ཚུལ་དེ་བརྒྱུད་བལ་ཡུལ་རྒྱལ་ཁབ་དེ་རྒྱ་ནག་གི་ཐད་བྱུས་འོག་ཡོད་པ་གསལ་པོ་ཆགས་ཡོད་པ་མ་ཟད། བལ་ཡུལ་ནང་ཁུལ་གྱི་སྲིད་དོན་ཐད་ནས་རྩོད་རྙོག་ཡོང་གཞི་ཞིག་ཆགས་རྒྱུ་ཡིན་པ་གསུངས་བྱུང་།
ཚེས་༡༢ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། རྒྱ་ནག་གཞུང་གིས་བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོར་ཐེ་བྱུས་བྱེད་པ་དེར་བལ་ཡུལ་གཞུང་ནས་ངོས་ལེན་གནང་རྒྱུ་མེད་པ་དང་། བལ་ཡུལ་ནང་རྒྱལ་མཚན་ནོར་བུའི་འཚམས་གཟིགས་གང་འདྲ་ཞིག་ཡིན་རུང་། བལ་ཡུལ་གཞུང་གིས་འཕྲལ་གྱི་ཆབ་སྲིད་ཀྱི་ཁེ་ཕན་དང་དགོས་མཁོའི་སླད། རྒྱ་ནག་གིས་བོད་ཀྱི་ཆོས་ཕྱོགས་ལས་དོན་སོགས་ལ་ཐེ་བྱུས་བྱེད་བཞིན་པ་དེར་ངོས་ལེན་བྱས་པ་ཡིན་ན་དེར་ངོས་ལེན་མེད་ཐོག་ངོ་རྒོལ་ཡོད་སྐོར་བསྒྲགས་གཏམ་སྤེལ་ཡོད་པ་རེད།
དེ་སྔོན་༢༠༡༩ལོར་ཐེ་ལན་ཌི་ལ་ཐེངས་གཅིག་ཕེབས་མྱོང་ཡོད་པ་དང་། གལ་སྲིད་བལ་ཡུལ་དུ་ཕེབས་ཐུབ་ན་རྒྱ་ནག་ནས་ཕྱིའི་རྒྱལ་ཁབ་ནང་ཕེབས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད།
གསར་འགོད་པ། བསོད་ནམས་ལྷ་མོ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།