གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་༣༢༢༥ གཏོར་རྒྱུ་ཡིན།
2017.03.17
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་ཁང་པ་གསུམ་སྟོང་གཉིས་བརྒྱ་ལྷག་ཕྱི་ཟླ་ ༤ མ་རྫོགས་གོང་གཏོར་བཤིག་དགོས་བའི་བཀའ་རྒྱ་གསར་བ་བཏང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༣ ཉིན་རྒྱ་ནག་གཞུང་གིས་གསལ་བསྒྲགས་སྤེལ་ཏེ། མུ་མཐུད་གསེར་རྟ་བླ་རུང་ཆོས་སྒར་གྱི་སྡོད་ཁང་ ༤༣༢༠ གཏོར་བཤིག་དགོས་བའི་བཀའ་རྒྱ་འབྱོར་ཞིང་། སྤྱི་ཟླ་ ༣ པའི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་བླ་རུང་ཆོས་སྒར་ལ་བཀའ་རྒྱ་གསར་པ་ཞིག་བཏང་འདུག་པ་དེའི་ནང་། མུ་མཐུད་དུ་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲ་ཤག་༤༣༢༠ གཏོར་དགོས་པ་འཁོད་ཡོད་འདུག་ཅིང་། འོན་ཀྱང་བླ་རུང་ཆོས་སྒར་གྱི་གྲྭ་བཙུན་ཡོངས་ཀྱི་འཐུས་ཚབ་རྒྱུན་ལས་རྣམ་པས་ཐབས་ཤེས་ཡོད་དགུ་བཏོན་པ་དང་། ལྷག་པར་དངོས་ཡོད་དཀའ་ངལ་རྣམས་གོང་རིམ་ལ་ཡར་ཞུ་ནན་ཞུ་ཡང་ཡང་བྱས་པར་བརྟེན། མཐར་ཕྱི་ཟླ་ ༣ ཚེས་ ༡༣ ཉིན་རྒྱ་ནག་གཞུང་ནས་གྲྭ་ཤག་༣༢༢༥ ངེས་པར་དུ་སྤྱི་ཟླ་བཞི་བའི་ཟླ་མཇུག་བར་གཏོར་བཤིག་གཏོང་རྒྱུའི་ཐག་གཅོད་ཀྱི་བཀའ་རྒྱ་བཏང་འདུག་ལ། དེ་ལ་འགྱུར་བ་གང་ཡང་མེད་པ་ནན་བརྗོད་བྱས་པར་མ་ཟད། གལ་ཏེ་ཀར་ཀོར་བྱས་པ་དང་མི་འདོད་པའི་རྣམ་འགྱུར་བསྟན་པ་སོགས་འབྱུང་ཚེ་ལས་སླ་བོའི་ངང་དགོན་པ་གཙང་བཟོ་བྱེད་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་པ་རེད་འདུག དེ་མ་ཐག་རྒྱུན་ལས་རྣམ་པས་ཡང་བསྐྱར་འབད་བརྩོན་ཆེན་པོས་ཉིན་གསུམ་རིང་གོང་རིམ་རྒྱ་ནག་གཞུང་ལ་ཡར་ཞུ་རིམ་པར་བྱས་ཀྱང་ཞུ་ས་བཤད་ས་ཅི་ཡང་རག་མེད་མེད་པ་དང་། དོན་འབྲས་མ་སོན་པ་བླ་རུང་དགོན་གྱི་མཁན་པོ་ཞིག་གིས་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་གྲྭ་བཙུན་མང་ཚོགས་ལ་གསུངས་འདུག
ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ལོ་༢༠༡༦་ལོར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ནས་བསྡོམས་པས་གྲྭ་བཙུན་མི་གྲངས་༣༧༢༩་དང་། ༢༠༡༧་ལོར་༨༩༥་བཅས་ཕྱིར་ཕུད་བྱས་ཡོད་པ་དང་། དེ་བཞིན་སྤྱི་ལོ་༢༠༡༦་ལོར་སྡོད་ཁང་༡༥༠༠་ཡོངས་སུ་གཏོར་བཤིག་བཏང་ཟིན་ཡོད་ཅིང་དེ་གོང་གི་བཀའ་རྒྱ་གསར་བའི་གྲངས་ཀ་སྡོང་ཁང་༣༢༢༥་ནང་ཚུད་ཡོད་མིན་ཁ གསལ་མི་འདུག
སྐབས་དེར་མཁན་པོ་ཁོང་གིས་སེམས་སྐྱོ་བོའི་སྒོ་ནས་དགེ་འདུན་འདུས་དམངས་ལ་ད་བར་དགོན་པའི་དཀའ་སྡུག་གི་གནད་དོན་ཡོངས་རྫོགས་རྒྱུན་ལས་རྣམ་པས་མང་གཙོའི་ལམ་ནས་ཐག་གཅོད་བྱེད་བཞིན་པ་ཡིན། དེར་བརྟེན་སྙན་པོ་མེད་ཀྱང་གྲྭ་མང་ལ་གསལ་བཤད་བྱེད་དགོས་བྱུང་། གང་ལྟར་ང་ཚོའི་མགོ་ཐོག་ལ་ཡོང་བཞིན་པ་ནི་བཟོད་མི་ཐུབ་པའི་དཀའ་ངལ་ཡིན་ཡང་མུ་མཐུད་སངས་རྒྱས་ཀྱི་བཀའ་དང་། བླ་མའི་གསུངས་བཅས་ལ་བརྩིས་ནས་བཟོད་སྒོམ་གནང་རོགས་ཞེས་འབོད་སྐུལ་ནན་པོ་གནང་འདུག
ད་རེས་བླ་རུང་སྒར་གྱི་མཁན་པོ་ཁོང་གིས་བླ་རུང་སྒར་གྱི་གྲྭ་ཤག་མུ་མཐུད་གཏོར་བཤིག་གཏོང་རྒྱུ་དང་། གྲྭ་བཙུན་ཕྱིར་འབུད་མུ་མཐུད་བྱ་རྒྱུ་ཡིན་པ་གསུངས་པ་དེ་དག་ནི། ཉེ་ཆར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་མེད་ཚུལ་དང་། བླ་རུང་སྒར་གྱི་ཡར་རྒྱས་ཆེད་གནས་སྐབས་བཙུན་མ་ཁག་གཅིག་ས་གནས་གཞན་དུ་གནས་སྤོ་བྱས་ཡོད་ལུགས་བརྗོད་པ་དེ་དག་དང་ཡོངས་སུ་བརྒལ་བ་ཞིག་ཡིན་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱི་བཀའ་རྒྱ་དང་། སྐྲངས་བཞུ་ཚོད་འཛིན་ཞེས་བའི་མིང་ཐོག་ནས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་དང་། གྲྭ་བཙུན་ཕྱིར་ཕུད་ཀྱི་ལས་དོན་ན་ནིང་ནས་རྒྱ་ཆེར་སྤེལ་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་། དེ་བཞིན་ཨ་རི་སོགས་ཡུལ་གྲུ་འདྲ་མིན་གྱི་གཞུང་གིས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་བཏང་པ་དང་གྲྭ་བཙུན་ཕྱིར་འབུད་བྱེད་བཞིན་པར་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།