ཨ་མི་རི་ཀ་གཞུང་གིས་བེད་སྤྱོད་བྱེད་བཞིན་ཡོད་པའི་ཨ་རིའི་རྒྱལ་དར་བཟོ་སྐྲུན་གྱི་ལས་དོན་དེ་ནི། བརྒྱ་ཆ་ ༡༠༠ ཨ་མི་རི་ཀའི་ནང་དུ་བཟོ་དགོས་པའི་ཁྲིམས་ཡིག་གཏན་འབེབས་བྱས་འདུག

2024.08.03
ཨ་མི་རི་ཀ་གཞུང་གིས་བེད་སྤྱོད་བྱེད་བཞིན་ཡོད་པའི་ཨ་རིའི་རྒྱལ་དར་བཟོ་སྐྲུན་གྱི་ལས་དོན་དེ་ནི། བརྒྱ་ཆ་ ༡༠༠ ཨ་མི་རི་ཀའི་ནང་དུ་བཟོ་དགོས་པའི་ཁྲིམས་ཡིག་གཏན་འབེབས་བྱས་འདུག
Storyblocks

ཨ་མི་རི་ཀས་ལོ་ལྟར་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ནས་བཟོ་སྐྲུན་བྱས་པའི་ཨ་རིའི་རྒྱལ་དར་ས་ཡ་མང་པོ་ནང་འདྲེན་བྱེད་བཞིན་ཡོད་པའི་ནང་ནས་ཕོན་ཆེ་བ་ཞིག་རྒྱ་ནག་ནས་བཟོ་མུས་ཡིན་པ་དེ་ད་ནས་བཟུང་འགྱུར་བ་འགྲོ་རྒྱུ་ཡིན་འདུག  
དེ་ཡང་དེ་སྔ་ཨ་རིའི་གྲོས་ཚོགས་ནང་ (All-American Flag Act) ཞེས་པའི་ཨ་རིའི་རྒྱལ་ཁབ་ཀྱི་རྒྱལ་དར་དང་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་གནང་ཡོད་པ་འདི་ཨ་རིའི་སྲིད་འཛིན་འཇོ་སྦཡེ་ཌན་གྱིས་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་མཚན་རྟགས་བསྐྱོན་ཏེ་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་སུ་གྱུར་ཡོད་པ་དེའི་ནང་།  ཨ་རི་གཞུང་གིས་མཁོ་སྒྲུབ་བྱས་པའི་ཨ་མི་རི་ཀའི་རྒྱལ་དར་དེ་དག་བཟོ་སྐྲུན་བྱེད་པའི་རྒྱུ་ཆ་ཡོངས་རྫོགས་ཨ་རི་རང་ནས་བཟོས་པའི་རྒྱུ་ཆ་ཡིན་དགོས་པ་མ་ཟད། ཨ་རིའི་རྒྱལ་དར་བཟོ་སྐྲུན་བྱས་ས་དེ་ཡང་ཨ་རི་རྒྱལ་ནང་དུ་ཡིན་དགོས་པ་གསལ་ཡོད་པ་རེད།
ཁྲིམས་ཡིག་གི་ཁྲིམས་འཆར་འདོན་མཁན་ནི།  གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁོ་ལིནསི་ (Collins) ལགས་དང་། དམངས་གཙོ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྦརཱོན་ (Brown) ལགས་གཉིས་ཀྱིས།   ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་རྣམ་པའི་ཐོག་ནས་སྟོན་པ་ཞིག་ཡིན་པ་རེད།   འཐུས་མི་ཁོང་གཉིས་ཀྱིས་བརྗོད་ན།  ཁྲིམས་ཡིག་གཏན་འབེབས་བྱས་པ་དེས་དོན་སྙིང་ལྡན་པའི་གནས་ལུགས་ཤིག་མཚོན་པ་ཙམ་མིན་པར།  དེས་ཨ་མི་རི་ཀའི་ནང་ལས་ཀའི་གོ་སྐབས་ཀྱང་མང་དུ་བཏང་རྒྱུ་དང་། བཟོ་སྐྲུན་གྱི་ལས་དོན་སོགས་ཀྱི་ཐད་ཕན་ཐོགས་ཆེན་པོ་ཡོང་བར་ཡིད་ཆེས་གནང་གི་ཡོད་པ་མ་ཟད།  ཨ་མི་རི་ཀའི་རྒྱལ་དར་དངོས་འབྲེལ་ཡིན་མིན་གྱི་ཐད་ལའང་ཞིབ་འཇུག་གིས་དོ་དམ་སྲུང་སྐྱོབ་བྱེད་བཞིན་ཡོད་ཅེས་གསུངས་འདུག

ཨ་རིའི་རྒྱལ་ཡོངས་རྒྱལ་དར་སྐོར་གྱི་ཁྲིམས་ཡིག་གི་གྲོས་འཆར་དེ་ནི་ ༢༠༢༣ ཟླ་ ༡༡ ནང་ཨ་རིའི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་བྱུང་པ་དང་།  ༢༠༢༤ ཟླ་ ༧ ཚེས་ ༢༢ ཉིན་གྲོས་ཚོགས་འོག་མའི་ནང་གཏན་འབེབས་བྱུང་སྟེ་ཟླ་ ༧ ཚེས་ ༣༠ ཉིན་སྲིད་འཛིན་མཆོག་གིས་མཚན་རྟགས་བསྐྱོན་ཡོད་པ་རེད།

ཡང་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁོ་ལིནསི་ (Collins) ལགས་ཀྱིས་ད་དུང་། ཨ་རིའི་རྒྱལ་དར་ནི།  མི་རིགས་ཤིག་གི་ཐོབ་ཐང་དང་།  མཆོད་སེམས།   རིན་ཐང་བཅས་ཀྱི་མཚོན་རྟགས་ཤིག་ཡིན་པ་དང་།  དེར་བརྩི་མཐོང་དང་གལ་ཆེ་རང་བཞིན་མཚོན་ཆེད་དུ་ཨ་རི་གཞུང་གིས་བེད་སྤྱོད་གནང་རྒྱུའི་རྒྱལ་དར་རྣམས་ཨ་མི་རི་ཀ་ནང་དུ་བཟོ་སྐྲུན་བྱས་པ་ཁོ་ནར་སྤྱོད་དགོས་པ་རེད་ཅེས་བརྗོད་ཡོད་པ་རེད།

གནས་ཚུལ་འདི་དང་འབྲེལ་ནས།  རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ད་ལྟ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གཙུག་ལག་སློབ་གྲྭའི་དགེ་རྒན་ཆེན་མོ་བ་སྐུ་ཞབས་ཐེན་པིའོ་ལགས་ཀྱིས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་བ་དེ་ནི།  འདས་པའི་ལོ་ངོ་བདུན་བརྒྱད་ཙམ་གྱི་གོང་ནས་སྡུག་ཏུ་སོང་ཡོད་ལ།  ད་ལྟ་ཡང་བཟང་ཕྱོགས་སུ་འགྲོ་རྒྱུའི་མཚོན་རྟགས་གང་ཡང་ཐོན་གྱི་མེད་ལ།  ཡུལ་གྲུ་གཉིས་བར་གྱི་འགལ་ཟླ་ནི་ཆབ་སྲིད་དང་།  དཔལ་འབྱོར།ཚན་རིག  དམག་དོན་སོགས་ཀྱི་ཁྱབ་ཁོངས་སུ་གནས་ཡོད་པར་བརྟེན།  ད་རེས་སྲིད་འཛིན་སྦཡེཌན་མཆོག་གིས་ཁྲིམས་ཡིག་གྲོས་གཞིར་ས་རྟགས་བཀོད་པ་དེ་ཡང་དངོས་ཡོད་གནས་ལུགས་ཤིག་རེད།  ཨ་རིའི་གཞུང་གིས་གྲངས་ཐོ་བཏོན་པའི་ནང་།  ༢༠༡༥ ལོར་ཨ་རི་གཞུང་གིས་མ་དངུལ་ཨ་སྒོར་ས་ཡ་བཞིའི་འགྲོ་སོང་བཏང་ནས།  ཕྱི་ཕྱོགས་ནས་ཨ་རིའི་རྒྱལ་དར་ཉོས་ཡོད་པའི་ནང་མང་ཆེ་བ་ནི་རྒྱ་ནག་ནས་བཟོས་པ་ཤ་སྟགས་ཡིན་པ་དང་།  ཡང་༢༠༡༧  ལོར་ཨ་མི་རི་ཀས་ཨ་རིའི་རྒྱལ་དར་ས་ཡ་བརྒྱ་ནང་འདྲེན་བྱས་པའི་ཁྲོད་ཀྱི་བརྒྱ་ཆ་ ༩༩།༥ ཚང་མ་རྒྱ་ནག་ནས་བཟོས་པ་ཡིན་འདུག
གཞན་ཡང་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་གྱེན་ལངས་གཞི་རྒྱ་ཆེན་པོ་བྱུང་པའི་སྐབས་སུ་བོད་ཀྱི་རྒྱལ་དར་ཡང་མང་པོ་མཐོང་རྒྱུ་ཡོད་པ་དེ་དག་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་འབོར་ཆེན་བཟོས་པའི་སྐོར་བཤད་ཚུལ་ཡང་ཡོད་པ་རེད་ལགས།  བོད་ཀྱི་རྒྱལ་དར་ཁག་ཅིག་ད་ལྟ་ཡང་ཁུངས་དག་མིན་པ་རྫུན་བཟོ་རིགས་ཡོང་གིན་ཡོད་པ་གཤོད་མཁན་ཡང་ཡོད་འདུག 

གསར་འགོད་པ། སྐལ་བཟང་སྒྲོལ་མ།

རྩོམ་སྒྲིག་འགན་འཛིན་། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲ་ཐོག་སྤེལ་མཁན་། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་ལས་ཉིན་གཉིས་པར་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐད་བགྲོ་གླེང་གནང་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎