གསར་དུ་བསྐོས་བཞག་བྱས་པའི་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་པ་དང་སྤྱི་ཁྱབ་པ་གཞོན་པ་བཅས་ཁྱོན་དཔོན་རིགས་༡༥ ཁོངས་སུ་བོད་རིགས་བཞི་ལས་མེད་པ།

2021.11.29
གསར་དུ་བསྐོས་བཞག་བྱས་པའི་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་པ་དང་སྤྱི་ཁྱབ་པ་གཞོན་པ་བཅས་ཁྱོན་དཔོན་རིགས་༡༥ ཁོངས་སུ་བོད་རིགས་བཞི་ལས་མེད་པ། ལྷ་ས་གྲོང་ཁྱེར་གྱི་སྐབས་གསར་པའི་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་སྤྱི་ཁྱབ་པ་དང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་བཅས་ཁྱོན་དཔོན་རིགས་བཅོ་ལྔ་ཡོད་པའི་ཁོངས་ནས་བཞི་མ་གཏོགས་གཞན་ཚང་མ་རྒྱ་རིགས་ཡིན་པ་རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་ཡིག་ཆའི་ནང་བཀོད་འདུག
Photo: RFA

གསར་དུ་བསྐོས་བཞག་བྱས་པའི་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་པ་དང་སྤྱི་ཁྱབ་པ་གཞོན་པ་བཅས་ཁྱོན་དཔོན་རིགས་༡༥ ཁོངས་སུ་བོད་རིགས་བཞི་ལས་མེད་པ་ནི། རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ལ་བརྩི་བཀུར་དགོས་ལུགས་འཁོད་པ་དེ་རྩིས་མེད་དུ་བཏང་བ་དང་། མི་རིགས་ཀྱི་ཁྱད་ཆོས་རྡོག་རོལ་དུ་བཏང་བའི་མཚོན་དོན་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་པ་དང་སྤྱི་ཁྱབ་པ་གཞོན་པའི་ཁོངས་སུ་བོད་རིགས་ཆེས་ཉུང་ངུ་ལས་བསྐོས་བཞག་མ་བྱས་པ་དེར། རྒྱ་ནག་གཞུང་གིས་ད་བར་བོད་རང་སྐྱོང་ལྗོངས་ཞེས་འབོད་པ་དེ་ཁ་ཙམ་ཡིན་པའི་མྱོང་ཚོར་བྱུང་ཞེས་ལྷ་སར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཕྱི་ཟླ་ ༡༠ ཚེས་༡༩ ཉིན་རྒྱ་ནག་གཞུང་གིས་ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་གཞག་བྱས་པའི་རྗེས། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་གི་འགོ་ཁྲིད་མང་པོ་ཞིག་འཕོ་འགྱུར་གཏོང་བཞིན་ཡོད་ཅིང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ས་ཁུལ་དེ་དག་ནང་གསར་དུ་བསྐོས་བཞག་བྱས་པའི་དཔོན་རིགས་མང་ཆེ་བ་རྒྱ་རིགས་ཡིན་འདུག

དཔེར་ན། ལྷ་ས་གྲོང་ཁྱེར་གྱི་སྐབས་གསར་པའི་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་སྤྱི་ཁྱབ་པ་དང་། གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་བཅས་ཁྱོན་དཔོན་རིགས་བཅོ་ལྔ་ཡོད་པའི་ཁོངས་ནས་བཞི་མ་གཏོགས་གཞན་ཚང་མ་རྒྱ་རིགས་ཡིན་པ་རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་ཡིག་ཆའི་ནང་བཀོད་འདུག བོད་ནང་མིང་འབོད་གནང་འདོད་མེད་པའི་བོད་མི་གནས་ཚུལ་མཁོ་སྤྲོད་པ་དེས། ད་ཆ་ལྷ་ས་ཁུལ་གྱི་འཛིན་སྐྱོང་གི་སྐད་ཡིག་གཙོ་བོ་དེ་རྒྱ་ཡིག་བཀོལ་སྤྱོད་བྱེད་བཞིན་པར་མ་ཟད། གྲོང་ཁྱེར་སྲིད་གཞུང་གི་དཔོན་རིགས་མཐོ་གྲས་བརྒྱ་ཆ་༧༠ལྷག་གིས་བོད་ཡིག་འབྲི་ཀློག་ཤེས་ཀྱི་མེད་པ་འགྲེལ་བརྗོད་བྱས་བྱུང་ལ། ཛ་དྲག་གི་གནས་ཚུལ་ཅིག་ནི་ད་ལྟ་ལྷ་ས་གྲོང་ཁྱེར་ནང་མི་འབོར་བརྒྱ་ཆ་༦༠ རྒྱ་རིགས་ཡིན་པ་འགྲེལ་བརྗོད་བྱས་བྱུང་།

ལོ་རབས་བདུན་བཅུ་པ་རྫོགས་མཚམས་དང་བརྒྱད་བཅུའི་ནང་བོད་ཀྱི་ས་ཁུལ་ཁག་ནང་བོད་རིགས་དཔོན་རིགས་མང་བར་བསྐོས་བཞག་གི་སྲིད་བྱུས་ལག་བསྟར་བྱས་ཡོད་ཀྱང་། འདས་པའི་ལོ་ཤས་ནང་སྲིད་བྱུས་དེར་འགྱུར་བ་ཆེན་པོ་ཞིག་གཏོང་བཞིན་ཡོད་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ངོས་འཛིན་གནང་གི་འདུག་ལ། དེ་སྔོན་ཡིན་ན་རྒྱ་ནག་གཞུང་གིས་བོད་ཁུལ་དུ་གལ་འགངས་ཆེ་བའི་ལས་ཁུངས་ཁག་ནང་རྒྱ་རིགས་བསྐོས་བཞག་བྱས་པ་ལས་དེ་མིན་གཞུང་གི་ལས་ཁུངས་མང་པོ་ཞིག་གི་ནང་བོད་རིགས་ལས་བྱེད་བརྒྱ་ཆ་༧༠ དང་རྒྱ་མི་ལས་བྱེད་བརྒྱ་ཆ་༣༠ ཡས་མས་ཤིག་འཇོག་སྲོལ་ཡོད་པ་དེ་མི་རིགས་རང་སྐྱོང་ཡིན་པའི་རྣམ་པ་སྟོན་ཐབས་བྱས་པ་ཞིག་ཡིན། འོན་ཀྱང་། ད་སྐབས་མི་རིགས་རང་སྐྱོང་ཡིན་པའི་རྣམ་པ་དེ་ཡང་མེད་པ་ཆགས་ཏེ་ད་ཆ་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་དེ་བཞིན་ཁ་གསལ་དུ་ཕྱིན་ཡོད་པ་འགྲེལ་བརྗོད་གནང་སོང་།

རྒྱ་ནག་གཞུང་གི་སྲིད་བྱུས་འོག་རྒྱ་རིགས་མང་པོ་ཞིག་བོད་ཀྱི་ས་ཁུལ་དུ་གནས་སྤོས་ཀྱིས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཐབས་སྲིད་བྱུས་སྤེལ་ཡོད་པ་དེ། ད་ཆ་འགྱུར་བ་ཕྱིན་ཏེ་བོད་རིགས་རང་སྐྱོང་ས་ཁུལ་ཁག་གི་ལས་ཁུངས་ཁག་ནང་རྒྱ་སྐད་མ་གཏོགས་བོད་པའི་སྐད་ཡིག་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་མེད་པ་བཟོ་ཐབས་ཀྱི་སྲིད་བྱུས་སྤེལ་བཞིན་ཡོད་པ་ཡང་ཟླ་བ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་ཞིང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནི་མི་རིགས་མཐུན་སྒྲིལ་དཔེ་བཟང་གི་ས་ཁུལ་ཞིག་ཏུ་འགྱུར་རྒྱུ་ཡོངས་གྲགས་གཏན་འབེབས་ཟིན་ཞིང་། དེའི་ནང་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་དང་། མི་རིགས་མཉམ་འདྲེས་དར་སྤེལ་དགོས་པ། བོད་ཀྱི་རིག་གཞུང་ནི་རྒྱ་ནག་གི་རིག་གཞུང་གི་ཆ་ཤས་ཡིན་པ་བཟོ་ཐབས་བཅས་ལ་འབད་བརྩོན་ཤུགས་ཆེ་བྱེད་མུས་ཡིན་ཅིང་། འདི་དག་གི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་རྩ་བའི་སྲིད་བྱུས་ཤིག་ཡིན་པ་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་བྱུང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎