བོད་ཀྱི་ལོ་གསར་དང་སྟབས་བསྟུན་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཁྲིམས་ཡིག་ཉན་ཞིབ།
ཕྱི་ཟླ་དགུ་བའི་ཚེས་ ༢༧ ཉིན་གྱི་ཉིན་གུང་ཆུ་ཚོད་༡༢ དང་ཕྱེད་ཀ་ཙམ་ནས་ཉིན་རྒྱབ་ཆུ་ཚོད་གསུམ་པའི་བར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཚོགས་ཁང་དུ་བོད་ཀྱི་ལོ་གསར་དང་སྟབས་བསྟུན་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཐད་ལ་ནིའུ་ཡོག་གྲོང་ཁྱེར་གྱི་ས་གནས་ཀྱི་ཁྲིམས་ཡིག་འདི་གཏན་འབེབས་ཡོང་བར་མི་མང་གི་ཉན་ཞིབ་ཅིག་ཚོགས་ཡོད་པ་རེད།
ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་གྲོང་ཁྱེར་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཚོགས་ཁང་དུ་ཉན་ཞིབ་འདིའི་ཐོག་ལྕམ་ Selvena N. Brooks-Powers, Chair Members: Joann Ariola སེལ་བེ་ན་ཨན། བུ་རུཀ་སི་ པོ་ཝར་སི ལགས་དང་། ཇོ་ཨན་ ཨ་རི་ཡོ་ལ་ སོགས་ཚོགས་བཞུགས་ཐོག་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་ནོར་བུ་ཚེ་རིང་ལགས་དང་། བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་རྡོར་ལགས་དང་། དེ་བཞིན་བལ་ཡུལ་གྱི་ཤར་པ་སྐྱིད་སྡུག་གི་ཚོགས་མི་ཁག་སོགས་བོད་དང་ཧི་མ་ལ་ཡའི་མི་ཁྱོན་སྡོམ་བཅོ་ལྔ་ཙམ་ཉན་ཞིབ་འདིའི་སྐབས་སུ་བཅར་ནས་ཞུ་གཏུགས་གནང་ཡོད་པ་རེད།
གཙོ་བོར་ཉིན་འདིར་རླངས་འཁོར་ཁ་ལོ་བ་རྣམས་ཀྱི་ཁེ་དབང་ཐོབ་ཐང་དང་འབྲེལ་ནས་མི་མང་གི་ཞུ་གཏུགས་ལ་ཉན་ཞིབ་བྱེད་ཀྱི་ཡོད་པ་འབྲེལ་ནས། བོད་ཀྱི་ལོ་གསར་ཉིན་མོ་འདི་ལ་རླངས་འཁོར་ལམ་ཟུར་དུ་འཇོག་རྒྱུ་དུས་ཆེན་གཞན་དང་འདྲ་བར་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུ་གལ་ཆེན་པོའི་ཡིན་པའི་སྐོར་ཉམས་ཞིབ་པ་བསྟན་རྡོར་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད།
དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཟུར་ནོར་བུ་ཚེ་རིང་ལགས་ཀྱིས་ཁྲིམས་ཡིག་འདི་གཏན་འབེབས་ཐུབ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་སྐོར་ལ་འགྲེལ་བརྗོད་གནང་སོང་།
ཡང་ཁྲིམས་ཡིག་འདི་གཏན་འབེབས་ཡོང་བར་བོད་རིགས་སྤྱི་མཐུན་པ་གཙོ་བོར་གྱུར་པའི་ཧེ་མ་ལ་ཡའི་ཚོགས་པ་དང་། འབྲུག་པ་དང་། བལ་ཡུལ་གྱི་ཚོགས་པ་ཆེ་ཁག་ཤར་པ་དང་། ཝ་ལུང་དང་། གློ་མཉམ་བཤིགས་སོགས་ཐུན་མོང་གི་སྒོ་ནས་ནས་བོད་ཀྱི་ལོ་གསར་འདིའི་ཉིན་མོར་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ས་གནས་ཀྱི་ཁྲིམས་ཡིག་འདི་གཏན་འབེབས་ཡོང་བར་རྒྱབ་སྐྱོར་གྱི་ཞུ་ཡིག་འདི་ལ་དྲ་ཐོག་ནས་མཚན་རྟགས་བསྡུ་རུབ་བྱས་ཡོད་པ་རེད།
ནིའུ་ཡོག་གྲོང་ཁྱེར་གྱི་ས་གནས་ཀྱི་ཁྲིམས་ཡིག་འདི་གཏན་འབེབས་ཡོང་ཆེད་འདས་པའི་བོད་ཀྱི་ལོ་གསར་དང་སྟབས་བསྟུན་ནས་རྒྱུན་ལྡན་བོད་རིགས་ཐོག་ཐུགས་འཁུར་གནང་མཁན་དང་། ནིའུ་ཡོག་གི་གྲོང་སྡེ་ལྷན་ཁང་གི་འཐུས་མི་ཇུ་ལེ་ཝོན་Council Member Julie Won ལགས་ཀྱིས་བོད་ཀྱི་ལོ་གསར་གྱི་ཉིན་མོ་དང་སྟབས་བསྟུན་ནས་ལོ་གསར་ཉིན་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཐད་ལ་ནིའུ་ཡོག་གྲོང་ཁྱེར་གྱི་འཛིན་སྐྱོང་ཁྲིམས་ཡིག་ལ་བསྒྱུར་བཅོས་གཏོང་བའི་ས་གནས་ཀྱི་ཁྲིམས་ཡིག་འདི་བཏོན་ཡོད་པ་རེད།
གྲོང་སྡེ་ལྷན་ཁང་གི་འཐུས་མི་ཇུ་ལེ་ཝོན་ལགས་ཀྱིས་ས་གནས་ཀྱི་ཁྲིམས་འདི་ནི། ཨ་རིའི་ནིའུ་ཡོག་ནང་གི་ཨ་རིའི་བོད་པ་དང་ཧི་མ་ལ་ཡའི་མི་མང་གིས་ལོ་གསར་སྐབས་རང་གི་ནང་མི་དང་། ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་སྐབས་སེམས་ལྷོད་པོར་དུས་ཆེན་འདི་ལ་རོལ་ཆོག་པའི་ས་གནས་ཀྱི་ཁྲིམས་འཆར་གལ་ཆེན་ཞིག་ཡིན་པ་བཅས་འགྲེལ་བརྗོད་གནང་ཡོད་ལ། གལ་སྲིད་ནིའུ་ཡོག་གྲོང་ཁྱེར་ནང་གི་ས་གནས་ཀྱི་ཁྲིམས་འཆར་འདི་གཏན་འབེབས་བྱ་ཐུབ་ཚེ། དེ་ནི་བོད་ཀྱི་ནང་བའི་རྗེས་འཇུག་པ་འབྲུག་དང་། རྒྱ་གར། བལ་ཡུལ་སོགས་ནས་ཡོང་བའི་མི་མང་ལ་དམིགས་སུ་བཀར་བའི་ལོ་གསར་དུས་ཆེན་དང་འབྲེལ་བའི་ས་གནས་ཀྱི་ཁྲིམས་ཡིག་གལ་ཆེན་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད།
སྐབས་དེར་གྲོས་ཚོགས་འཐུས་མིའི་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་དོན་ལྟར་ན། ལོ་གསར་ནི། ནིའུ་ཡོག་གྲོང་ཁྱེར་ནང་བོད་བརྒྱུད་ནང་བའི་རྗེས་འཇུག་པ་མི་གྲངས་ ༦༡ ༠༠༠ ཁྲི་དྲུག་གཅིག་སྟོང་ཙམ་གྱིས་སྲུང་བརྩི་བྱེད་ཀྱི་ཡོད་པའི་དུས་ཆེན་གལ་ཆེན་ཞིག་ཡིན་པ་དང་། གྲོང་སྡེ་ལྷན་ཁང་གིས་གྲོས་ཚོགས་འཐུས་མི་རྣམས་པས་ཁྲིམས་ཡིག་འདི་ད་ཐེངས་གཏན་འབེབས་བྱུང་ཐུབ་ཚེ་འབྱུང་འགྱུར་ཕྱི་ལོ ༢༠༢༥ ལོའི་ལོ་གསར་སྐབས་ལག་བསྟར་བྱེད་ཐུབ་པའི་རེ་བ་རྒྱག་གི་ཡོད་པ་རེད།
གསར་འགོད་པ། བློ་བཟང་ཆོས་འཕེལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།