ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་ལྷ་སར་འདས་གྲོངས་སུ་ཕྱིན་འདུག

2022.02.22
Share on WhatsApp
Share on WhatsApp
ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་ལྷ་སར་འདས་གྲོངས་སུ་ཕྱིན་འདུག ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས།
མཐུན་འགྱུར་པར་རིས།/RFA

དེ་སྔ་ཕྱི་ལོ་༡༩༨༧་ལོའི་ཟླ་བ་༩་ཚེས་༢༧་ཉིན། བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་༢༡་དང་ལྷན་དུ། བོད་རང་བཙན་གྱི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་སྤེལ་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས། སྤྱི་ཟླ་༢་པའི་ཚེས་༢༡་ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་༥་དང་ཕྱེད་ཀ་ཙམ་ལ་ལྷ་སར་འདས་གྲོངས་སུ་ཕྱིན་ཡོད་པ།་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཞུགས་སྒར་དུ་གནས་བཞུགས་ངག་དབང་འོད་འབར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ད་ལོ་དགུང་ལོི་༦༡་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་ཀྱིས་ཕྱི་ལོ་༡༩༨༩་ཟླ་བ་༥་ཚེས་༡༣་ཉིན་བོད་ནང་གི་དངོས་ཡོད་གནས་སྟངས་ཀྱི་ཡིག་ཆ་མང་དག་ཅིག་འཁྱེར་ནས་ཆབ་སྲིད་བཙོན་ཟུར་སྐལ་བཟང་མཐུ་སྟོབས་ལགས་དང་ལྷན་དུ་རྒྱ་གར་ལ་བྲོས་བྱོལ་དུ་ཡོངས་སྐབས། བོད་དང་བལ་ཡུལ་གྱི་ས་མཚམས་འགྲམ་འགག་སྒོ་ནས་རྒྱ་ནག་གཞུང་གིས་ཁོང་གཉིས་འཛིན་བཟུང་བྱས་ཏེ་བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་ལྟ་སྲུང་ཁང་དུ་བཙོན་འཇུག་གིས་མནར་གཅོད་ཤུགས་ཆེར་བཏང་ཡོད་འདུག
ངག་དབང་འོད་འབར་ལགས་ནི་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་དང་ལྷན་དུ། གོང་ཞུས་བོད་རང་བཙན་གྱི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་སྤེལ་མཁན་བོད་མི་༢༡ ཁོངས་ནས་གཅིག་ཡིན་འདུག་ཅིང་། ཁོང་གིས། སྐུ་གཤེགས་མ་ཐག་པའི་རྒྱལ་གཅེས་དཔའ་བོ་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་ནི་བོད་མི་རིགས་ལ་ལ་རྒྱ་ཆེ་ཞིང་། མི་ཚེ་ཧྲིལ་པོ་བོད་དོན་ཆེད་དུ་སྐུ་ལས་སྐྱོན་མཁན་དང་སྙིང་སྟོབས་ལྡན་པའི་མི་སྣ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཁོང་གི་བཙོན་གྲོགས་ཚེ་སྨོན་གླིང་སྤེན་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་འབྲས་སྤུངས་དགོན་པའི་ཚྭ་ཁམས་ཚན་དུ་ཞུགས་པའི་ཆ་ནས་ཡོངས་གྲགས་སུ་ཁོང་ལ་ཚྭ་ཁམས་པ་ཞེས་འབོད་སྲོལ་ཡོད་པ་དང་། ཁོང་དེ་སྔ་ལྷ་སར་བྱུང་བའི་དགུ་བའི་ཉེར་བདུན་གྱི་བོད་དོན་ཞི་བའི་ལས་འགུལ་དང་། དེ་བཞིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་བོད་དོན་ལས་འགུལ་རབ་དང་རིམ་པར་སྤེལ་བ་ཚང་མའི་ཁོངས་སུ་མཉམ་ཞུགས་གནང་ཡོད་འདུག
ཡང་བཙན་བྱོལ་ནང་གི་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་གསུངས་ན། ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་༡༩༨༧་ལོའི་ཟླ་༩་ཚེས་༢༧་ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་༢༡་གིས་ལྷ་སར་སྤེལ་བའི་བོད་དོན་ལས་འགུལ་སྣེ་ཁྲིད་གནང་མཁན་གྲས་ཡིན་པ་དང་། རྗེས་དུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཡིས་རྒྱ་ནག་གཞུང་དང་བཀའ་མོལ་གནང་པ་བཅས་ལ་བརྟེན་ནས་ལས་འགུལ་བ་རྣམས་ཟླ་ཤས་རིང་བཙོན་འཇུག་བྱས་རྗེས་གློད་གྲོལ་བཏང་ཡོད་པ་རེད་འདུག
ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་ཀྱིས། སྤྱི་ལོ་༡༩༨༧་ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་ལྷ་སའི་རྒུ་ཚ་བཙོན་ཁང་དུ་ཟླ་བ་བཞི་ལྷག་བཙོན་འཇུག་བྱས་ཏེ་གློད་བཀྲོལ་བཏང་བའི་རྗེས། སླར་ཡང་ཁོང་གིས་བོད་རང་བཙན་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་དང་། བོད་དོན་འོས་ལངས་སྤྱི་ཁྱབ་ཁང་ཞེས་པའི་རང་བཙན་ཚོགས་པའི་ནང་ཞུགས་འདུག་ཅིང་། སྤྱི་ལོ་༡༩༨༩་ཟླ་བ་༡༡་ཚེས་༢༨་ཉིན་ཁོང་དང་། རོགས་པ་མི་དགུ་སོགས་ལ་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚོགས་ཁང་དུ་མི་དམངས་༡༥༠༠་ཙམ་ཡོད་པའི་སར་ཁྲིམས་ར་འཚོགས་ནས་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། གསར་བརྗེར་ངོ་རྒོལ་གྱི་ཚོགས་པ་བཙུགས་པའི་ཉེས་པ་དང་། གསར་བརྗེར་ངོ་རྒོལ་དྲིལ་བསྒྲགས་ངན་བསྐུལ་གྱི་ཉེས་པ། གསང་མྱུལ་གྱི་ཉེས་པ། གསང་བ་ཕྱི་གྱར་བྱས་པའི་ཉེས་པ། རྒྱལ་མཚམས་ལས་བརྒལ་བའི་ཉེས་པ་སོགས་ཀྱི་ཐོག་ནས་ཁོང་དང་། རོགས་པ་རྣམས་ལ་དུས་བཀག་བཙོན་འཇུག་ལོ་༥་ནས་ལོ་༡༩་བར་གྱི་ཁྲིམས་ཐག་བཅད་པའི་ཁྲོད། ཁོང་ལ་དུས་བཀག་བཙོན་འཇུག་ལོ་༡༧་བཅད་པ་དང་། ཆབ་སྲིད་དབང་ཆ་ལོ་༥་འཕྲོག་ཡོད་འདུག དེ་རྗེས་གྲྭ་བཞི་བཙོན་ཁང་དུ་སྤོས་སྐྱེལ་གྱིས་བཙོན་དུས་མ་ཚང་བར་དུ་སྡུག་སྦྱོངས་མནར་གཅོད་འོག་མི་ལོ་༡༧ བཙོན་འཇུག་བྱས་རྗེས། སྤྱི་ལོ་༢༠༠༥་ལོར་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་གི་སྐྱོ་པོའི་འོག་གློད་བཀྲོལ་བྱུང་ཡོད་འདུག
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ཁོངས་སྲོང་ར་བ་རུ་སྐྱེས་ཤིང་། ཕྱི་ལོ་༡༩༨༤་ལོར་འབྲས་སྤུངས་དགོན་པར་ཆོས་ཞུགས་གནང་འདུག

གསར་འགོད་པ། བློ་བཟང་དགེ་ལེགས། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎