བལ་ཡུལ་ནང་རྒྱ་ནག་ལ་གནོད་པའི་ལས་འགུལ་སྤེལ་མི་འཇུག

2014-10-29
གློག་འཕྲིན།
མཆན།
Share
པར་བཀོད།
བལ་ཡུལ་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་འཇུ་བཟུང་བྱེད་བཞིན་པ། ༢༠༡༠
བལ་ཡུལ་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་འཇུ་བཟུང་བྱེད་བཞིན་པ། ༢༠༡༠
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ

རྒྱ་ནག་གི་རེ་བ་ལྟར་བལ་ཡུལ་གཞུང་གིས་བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རིགས་སྤེལ་མི་འཇུག་རྒྱུའི་ཁས་ལེན་བྱས་འདུག
དེ་ཡང་PTIགསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་བློ་བཟང་རྒྱ་མཚན་གྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་བལ་ཡུལ་ནང་འཚམས་འདྲིར་ཕེབས་པའི་སྐབས་བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་། ནང་སྲིད་བློན་ཆེན་ དེ་བཞིན་ཕྱི་སྲིད་བློན་ཆེན་སོགས་དང་མཇལ་འཕྲད་གནང་ཡོད་པ་དང་། དཔོན་རིགས་ཚོའི་མཇལ་འཕྲད་སྐབས་ཡུལ་གཉིས་ཀྱི་ས་མཚམས་སྲུང་སྐྱོབ་དང་། བལ་ཡུལ་ས་མཚམས་སུ་གནས་སྡོད་བོད་མི་ཚོར་རོགས་རམ་བྱེད་ཕྱོགས་སོགས་ཀྱི་སྐོར་བཀའ་མོལ་བྱུང་ཡོད་ལུགས་ནང་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ནས་འགྲེལ་བརྗོད་བྱས་འདུག ཡང་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་སྐུ་ཞབས་Laxmi Prasad Dhakaམཆོག་གིས། རྩ་བའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ལིའུས་བོད་མི་སྐྱབས་བཅོལ་ཞེས་དམིགས་བསལ་མིང་བཏོན་བྱས་མེད་པ་ནི་བལ་ཡུལ་བརྒྱུད་བོད་ནས་ས་མཚམས་བརྒྱུད་ཡོང་མཁན་ཚོ་ནི་ཁྲིམས་འགལ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད། འོན་ཀྱང་བལ་ཡུལ་ནང་རྒྱ་ནག་ལ་གནོད་པའི་ལས་འགུལ་སྤེལ་བཅུག་རྒྱུ་མེད་ལུགས་རྒྱ་ནག་གི་དགོས་འདུན་བཏོན་པ་དེར་བལ་ཡུལ་གཞུང་ནས་ཀྱང་སྔར་ལམ་ལྟར་ལག་ལེན་བསྟར་རྒྱུའི་ནན་བརྗོད་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་གོང་ཞུས་མཇལ་འཕྲད་སྐབས་ཡུལ་གཉིས་ནས་མ་འོངས་ཕྱི་ལོ་༢༠༡༥ ལོར་འབྲེལ་ལམ་བཙུགས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་འཆར་གཞིའི་སྐོར་ལའང་བཀའ་བསྡུར་བྱུང་ཡོད་འདུག ད་རེས་རྒྱ་ནག་གི་དཔོན་རིགས་འཚམས་འདྲིའི་སྐབས་སྲིད་འཛིན་དང་སྲིད་བློན་གཞོན་པ་མཇལ་འཕྲད་གནང་ཡོད་པ་དང་། བལ་ཡུལ་གྱི་རྫོང་ཁག་བཅོ་ལྔ་ཙམ་བོད་དང་ས་མཚམས་སུ་འཁེལ་བས་དེར་གནས་སྡོད་བྱེད་མཁན་བོད་མི་ཚོར་རྒྱ་ནག་གཞུང་གིས་མཐུན་འགྱུར་བྱེད་རྒྱུའི་སྐོར་ལའང་གྲོས་བསྡུར་བྱུང་ཡོད་ལུགས་བཀོད་ཡོད་པ་བཅས་གང་ལྟར་ད་རེས་རྒྱ་ནག་གི་དཔོན་རིགས་བལ་ཡུལ་ནང་ཕེབས་པའི་སྐབས་བལ་ཡུལ་ནང་གནས་སྡོད་བོད་མི་ཚོར་དམ་དྲག་ཤུགས་ཆེ་རུ་གཏོང་རྒྱུའི་ཐོག་བཀའ་བསྡུར་བྱུང་ནས་བལ་ཡུལ་ནས་ཀྱང་དེ་ལྟར་ཁས་ལེན་ཞུས་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།