ལྷ་མེད་སྨྲ་བ་རྒྱ་ནག་ལ་ཡང་སྲིད་ཐད་ཐེ་ཇུས་བྱེད་དབང་མེད།


2015-03-13
Share
རྒྱ་ནག་སྲིད་གྲོས་ཀྱི་རྒྱུན་ལས་དང་མི་རིགས་ཆོས་ལུགས་ལྷན་ཁང་གི་འགན་འཛིན་Zhu Weiqun རྒྱ་ནག་སྲིད་གྲོས་ཀྱི་རྒྱུན་ལས་དང་མི་རིགས་ཆོས་ལུགས་ལྷན་ཁང་གི་འགན་འཛིན་Zhu Weiqun
དྲ་བཤུས། XH

སྲིད་སྐྱོང་མཆོག་གིས་ལྷ་མེད་སྨྲ་བ་དང་ཆོས་དུག་ཏུ་འཛིན་མཁན་རྒྱ་ནག་གི་མགོ་ཁྲིད་ཚོར་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་ཇུས་བྱེད་དབང་མེད་གསུངས།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རོའུ་ཊར་གསར་འགོད་པར། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་གནད་དོན་ལ་པདྨ་འཕྲིན་ལས་གཙོས་ལྷ་མེད་སྨྲ་བ་དང་། ཆོས་དུག་ཏུ་འཛིན་མཁན་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་སུ་དང་གང་ལའང་ཐེ་ཇུས་བྱེད་དབང་མེད་ལ། དེ་ནི་Fidel Castroཡིས་ངས་བླ་ཆེན་ཕོབ་རྗེས་མ་དེ་འདེམས་རྒྱུ་ཡིན་པས་ཡེ་ཤུའི་ཆོས་ལུགས་རྗེས་འབྲངས་པ་ཡོངས་ཀྱིས་ངོས་འཛིན་བྱེད་དགོས་ཞེས་བརྗོད་པ་དང་གཅིག་མཚུངས་ཆགས་ཡོད་ཅེས་གསུངས་འདུག
ཨ་རིའི་Indianaགཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་། བོད་རིག་པ་Ellito Sperlingགིས་རྒྱ་གཞུང་གིས་དེ་ལྟར་བརྗོད་པ་དེ་ནི་གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་ནག་གི་དབང་འོག་ཏུ་མཐའ་གཅིག་ཏུ་འཇུག་དགོས་པའི་རྣམ་པ་བཏོན་ཡོད། ཡིན་ནའང་འདི་ནི་རྒྱ་གཞུང་གིས་ནམ་རྒྱུན་བཤད་བཞིན་པའི་དགོད་བྲོ་བའི་ཁྱབ་བསྒྲགས་རེད་ཅེས་བརྗོད་འདུག
ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་Matteo Mecacciགིས་རྒྱ་གཞུང་གིས་གོང་ཞུས་བརྗོད་པ་དེ་ནི་ཡང་སྲིད་ངོས་འཛིན་ཐད་ལ་ཆོས་མེད་སྨྲ་བའི་རྒྱ་གཞུང་གི་ཁྲིམས་མཐུན་མེད་པའི་རྣམ་པ་ཕྱིར་དུ་བཏོན་ཡོད་པ་རེད་ཅེས་བརྗོད་འདུག དབྱིན་ཇིའི་ལུང་ཏིན་གྱི་Westminster གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་Dibyesh Anand གིས་ཀྱང་རྒྱ་གཞུང་གི་བརྗོད་པ་འདིས་གོང་ས་མཆོག་སྐུ་ཚེ་གཞན་དོན་དུ་ཕེབས་རྗེས་གནས་སྟངས་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་བཏོན་བཞིན་ཡོད་ཅེས་བརྗོད་འདུག
གཟའ་འཁོར་འདིའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པདྨ་འཕྲིན་ལས་དང་། རྒྱ་ནག་སྲིད་གྲོས་ཀྱི་རྒྱུན་ལས་དང་མི་རིགས་ཆོས་ལུགས་ལྷན་ཁང་གི་འགན་འཛིན་Zhu Weiqunགཉིས་ཀྱིས་སྔ་ཕྱིར་གསར་འགོད་པར་། ཏཱ་ལའི་བླ་མས་ཁོང་གི་ཡང་སྲིད་མཐའ་མ་ཡིན་སྲིད་པ་སོགས་འདྲ་མིན་བརྗོད་བཞིན་པ་ནི། ནང་པ་སངས་རྒྱས་པའི་ཆོས་ལ་སྐུར་འདེབས་བྱས་པ་དང་། རྒྱ་ནག་གཞུང་ལ་མཐོང་ཆུང་བྱས་བ་ཡིན་པས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་གང་ཞིག་འདས་གྲོངས་ཕྱིན་ཚེ་ཡང་སྤྲུལ་ངོས་འཛིན་གནང་སྲོལ་ཡོད་པ་དེ་རྒྱུན་འཁྱོངས་བྱས་ཏེ། ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་ཡིན་སྐོར་སོགས་སསྐྱོན་བརྗོད་དང་མཉམ་བརྗོད་ཡོད་པ་རེད།

གསར་འགོད་གུ་རུ་ཆོས་སྐྱིད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།